རྒྱབ་ཤ་དཀར་པོའི་དེབ་ནང་རང་རྒྱལ་དུ་ཆོས་དད་མང་ཚོགས་དུང་ཕྱུར་གཉིས་ཙམ་ཡོད་པ་བསྟན།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་སྤྱི་ཟླ་4 བའི་ཚེས་3 ཉིན་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་ 3ཉིན་སྤེལ་བའི་ 《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཏུ་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་ཆོས་ལུགས་གཙོ་བོར་སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད་ཅིང་། ཆོས་དད་བྱེད་མཁན་གྱི་སྤྱི་དམངས་དུང་ཕྱུར་གཉིས་ཙམ་ཡོད།

རྒྱབ་ཤ་དཀར་པོའི་ནང་དུ་བསྟན་པར། རང་རྒྱལ་དུ་སང་རྒྱས་ཆོས་ལུགས་དང་ཏའོ་ཅོའོ་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མང་ཚོགས་ཧ་ཅང་མང་ནའང་། དད་ལྡན་དཀྱུས་མ་རྣམས་ལ་ཆོས་ལུགས་སུ་ཞུགས་པའི་འགྲོ་རིམ་ནན་མོ་མེད་པས། མི་གྲངས་བསྡོམས་རྩིས་གནད་འཁེལ་བྱེད་དཀའ། མི་མང་ཆེ་བས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་གྲངས་ཉུང་མི་རིགས་བཅུ་ལྷག་ཡོད་པའི་སྤྱིའི་མི་གྲངས་བྱེ་བ་2ལྷག་ཡོད་པ་དང་། དབྱི་སི་ལན་ཆོས་ལུགས་ཀྱི་ལས་སྒྲུབ་པ་ཁྲི་5དང་སྟོང་7ལྷག་ཡོད་ལ། གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་ས་ཡ་6ཙམ་དང་། ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་བྱེ་བ་3དང་ས་ཡ་8ལྷག་ཡོད། གཞན་ད་དུང་དམངས་ཁྲོད་ཀྱི་དད་མོས་རིགས་མང་པོ་ཡོད་ལ། ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བཅས་ཟུང་དུ་འབྲེལ་ཡོད་པ་དང་། དམངས་ཁྲོད་དད་མོས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་ཡང་ཅུང་མང་།

རྒྱབ་ཤ་དཀར་པོའི་དེབ་ནང་། རང་རྒྱལ་ལ་ཆོས་ལུགས་ཚོགས་པ་5500ཙམ་ཡོད་པའི་ནང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་7ཡོད་པ་སྟེ། དེ་དག་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོའི་ཏའོ་ཅའོ་མཐུན་ཚོགས། ཀྲུང་གོའི་དབྱི་སི་ལན་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་ཆོས་དཔོན་ཚོགས་པ། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་བྱ་འགུལ་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་བཅས་ཡིན་ཞེས་བསྟན་ཡོད།

གཞན་ཡང་རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པར། 2017 ལོའི་ཟླ 9 བའི་བར་དུ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཆོག་མཆན་ཐོབ་ནས་བཙུགས་པའི་ཆོས་ལུགས་སློབ་གླིང་ཁྱོན་བསྡོམས་91ཡོད་ཅིང་། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་6 ཡོད་ལ། དེ་དག་ནི་ཀྲུང་གོའི་ནང་བསྟན་སློབ་གླིང་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་སློབ་གླིང་། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་སློབ་གླིང་། ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་ལྷ་སྲོལ་མཚན་ཉིད་རིག་པའི་སློབ་གླིང་། ཅིན་ལིན་མཐུན་འགྲིག་ལྷ་རིག་སློབ་གླིང་བཅས་ཡིན། ཆོས་ལུགས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཁྲི་1ལྷག་ཡོད་ཅིང་། སྐབས་རིམ་བྱུང་གི་མཐར་ཕྱིན་སློབ་མ་བསྡོམས་པས་ཁྲི4དང་སྟོང་7ལྷག་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།