རྒྱབ་ཤ་དཀར་པོའི་དེབ་ནང་ཆོས་ལུགས་འབྲེལ་བ་སྐྱོན་བྲལ་དང་ཡག་པོ་ཡིན་པ་བསྟན་པ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་སྤྱི་ཟླ 4 བའི་ཚེས 3 ཉིན་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་ 3 ཉིན་སྤེལ་བའི་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། རང་རྒྱལ་གྱིས་ཏང་དང་སྲིད་གཞུང་དང་ཆོས་ལུགས་བར་གྱི་འབྲེལ་བ་དང་། སྤྱི་ཚོགས་དང་ཆོས་ལུགས། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བ་ཕན་ཚུན་བར། ཀྲུང་གོའི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས། དད་ལྡན་མང་ཚོགས་དང་ཆོས་ལུགས་ལ་དད་པ་མེད་པའི་མང་ཚོགས་སོགས་བར་གྱི་འབྲེལ་བ་མི་འདྲ་བ་མང་པོ་ཐག་གཅོད་འོས་འཚམ་བྱས་ནས། དགེ་མཚན་ལྡན་པའི་ཆོས་ལུགས་འབྲེལ་བ་ཡག་པོ་ཆགས་ཡོད་ཅེས་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཏང་དང་སྲིད་གཞུང་དང་ཆོས་ལུགས་པའི་སྡེའི་བར་གྱི་འབྲེལ་བ་འཆམ་མཐུན་མཉམ་གནས་བྱུང་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་“ཆབ་སྲིད་ཐད་ནས་མཐུན་སྒྲིལ་མཉམ་ལས་དང་། དད་མོས་ཐད་ནས་ཕན་ཚུན་བརྩི་འཇོག་བྱེད་པའི ”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་དང་ཆོས་ལུགས་པའི་སྡེའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཤིང་། ཆོས་ལུགས་པའི་སྡེ་དང་མཉམ་དུ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་བཟོས་ཡོད། མིག་སྔར། རང་རྒྱལ་གྱི་ཆོས་ལུགས་པའི་སྡེའི་མི་སྣ་ཕལ་ཆེར་ཁྲི་ 2 ཙམ་གྱིས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འཐུས་མི་དང་ཨུ་ཡོན་གྱི་འགན་འཁུར་ནས། ཧུར་ཐག་ངང་སྲིད་ཞུགས་སྲིད་མོལ་དང་། དམངས་གཙོའི་ལྟ་སྐུལ་ལག་ལེན་བྱས་ཡོད་ལ། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་ཆོས་ལུགས་པའི་སྡེའི་མི་སྣའི་བར་བརྩེ་བ་འཛུགས་ཤིང་གྲོགས་པོ་སྒྲིག་པའི་ལམ་ལུགས་བཙུགས་ནས། ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ཡོད་སྐོར་བསྟན་ཡོད།

དེ་དང་དུས་མཚུངས་སུ་སྤྱི་ཚོགས་ཀྱིས་ཆོས་ལུགས་ལ་ཁོང་ཡངས་བའི་རྣམ་འགྱུར་བཅངས་ཡོད་ཅིང་། ལོ་ཉིས་སྟོང་ལྷག་རིང་། ནང་བསྟན་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་སྔ་གཞུག་ཏུ་ཀྲུང་གོར་དར་ཡོད་ནའང་། ཆོས་ལུགས་ཀྱི་དབང་གིས་འགལ་ཟླ་དང་འགྲན་རྒོལ་བྱུང་བ་ཧ་ཅང་ཉུང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཆོས་ལུགས་སྣ་ཚོགས་དང་དམངས་ཁྲོད་དད་མོས་རིགས་མང་པོ་ལ་སྒོ་འབྱེད་ཀྱི་རྣམ་པ་བསྟན་ཡོད་པས། ཆོས་ལུགས་དད་མོས་རང་དབང་དང་དམངས་ཁྲོད་དད་མོས་སྣ་མང་ཅན་ལ་བརྩི་འཇོག་ཐོབ་ཡོད་ལ། དུས་ཡུན་རིང་བོར་ཀྲུང་གོ་ཅན་དང་རང་སའི་ཁྱད་ཆོས་ཅན་དུ་འགྱུར་བའི་སྲོལ་རྒྱུན་ནི་ཆོས་ལུགས་སོ་སོས་རྒྱུད་འཛིན་དང་དར་སྤེལ་བྱས་ཤིང་། རང་འགུལ་གྱིས་སྤྱི་ཚོགས་ལ་བསྟུན་པ། རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་མདུན་སྐྱོད། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ། ཞི་མཐུན་ཁོང་ཡངས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། རང་འགུལ་ངང་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན། སྤྱི་སྒྲིག་སྲོལ་བཟང་བཅས་སྲུང་སྐྱོང་བྱས་ཤིང་། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་པར། རྒྱལ་ཡོངས་རང་བཞིན་ཅན་དང་ས་གནས་རང་བཞིན་ཅན་གྱི་ཆོས་ལུགས་ཚོགས་པ་འགའ་རེས་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ནས། ཆོས་ལུགས་འབྲེལ་བའི་སྐོར་གྱི་གནད་དོན་ཐད་གྲོས་མོལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་གླེང་མོལ་བྱེད་སྟངས་གསར་གཏོད་བྱས་ཤིང་། ཕན་ཚུན་བར་བསམ་ཤེས་དང་མཛའ་བརྩེ་ཟབ་ཏུ་བཏང་ཡོད་པ་དང་། དེ་དང་དུས་མཚུངས་སུ་རང་བཙན་རང་བདག་དང་། འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག རང་རྒྱལ་གྱི་ཆོས་ལུགས་པའི་སྡེ་ཡིས་རྒྱལ་ཁབ་80 ལྷག་གི་ཆོས་ལུགས་རྩ་འཛུགས་དང་མཛའ་མཐུན་འབྲེལ་བ་བཙུགས་ཤིང་། དཔལ་ཡོན་དང་དད་མོས། ཆོས་ལུགས་བཅས་མི་འདྲ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་ཚོགས་ནང་ཞུགས་ཅི་ཐུབ་བྱེད་བཞིན་ཡོད་པའི་སྐོར་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།