《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཏུ་རང་རྒྱལ་གྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་ཀྱི་ཡོད་པའི་སྐོར་བསྟན་པ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་2018ལོའི་སྤྱི་ཟླ་4བར་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》 ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་ཡོད་ཅིང་། དེ་ནི་1997ལོའི་ནས་བཟུང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་འགན་ལེན་བྱས་པའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གཉིས་པ་དེ་ཡིན་ཞིང་། རྒྱབ་ཤ་དཀར་པོའི་དེབ་ནང་རང་རྒྱལ་གྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱིས་ཆོས་ལུགས་སོ་སོར་འདྲ་མཉམ་གྱི་ལྟ་བ་འཛིན་བཞིན་ཡོད་པ། ཕྱོགས་རས་མེད་པ། སྲིད་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆོས་ལུགས་གང་ཞིག་འཕེལ་རྒྱས་དང་གང་ཞིག་བཀག་འགོག་བྱེད་ཀྱི་མེད་པ། ཆོས་ལུགས་གང་ཞིག་ཡིན་རུང་ཚང་མའི་བཅའ་ཁྲིམས་ཀྱི་གོ་གནས་གཅིག་མཚུངས་ཡིན་པ་ལས་དམིགས་བསལ་མེད་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་དོ་དམ་བྱེད་པ་ལས། ཆོས་ལུགས་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་ཀྱི་མེད་པའི་སྐོར་ནན་བཤད་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་པར། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་དང་། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཀག་སྡོམ། ཆོས་ལུགས་བེད་སྤྱད་ནས་ཐལ་དྲགས་བསམ་བློ་དང་ཐལ་སྐྱོད་བྱ་སྤྱོད་དྲིལ་སྒྲོག་ལ་བཀག་སྡོམ། མངའ་ཁོངས་ཕྱི་རོལ་གྱི་སྟོབས་ཤུགས་ཀྱིས་ཆོས་ལུགས་ལ་བརྟེན་ནས་སིམ་འཛུལ་བྱེད་རིགས་བཀག་འགོག ཆོས་ལུགས་བེད་སྤྱད་དེ་ཁྲིམས་འགལ་གྱི་ཉེས་གསོག་སྤྱོད་ངན་སྤེལ་བར་རྡུང་རྡེག་བཏང་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་པར། རང་རྒྱལ་གྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་ཐད་འཛིན་པའི་གཞི་རྩའི་སྲིད་ཇུས་ཡིན། རང་རྒྱལ་གྱིས་རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་མི་སྒྱུར་བ་བྱ་རྒྱུ་ནི་རང་རྒྱལ་གྱི་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་དོན་ཡིན། རང་རྒྱལ་སྲིད་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་སྟེ་ཆོས་ལུགས་སོ་སོས་རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་མི་སྣ། དད་ལྡན་སྤྱི་དམངས་བཅས་ཀྱིས་རང་བདག་སྒོས་ཆོས་ལུགས་ལས་དོན་གཉེར་བར་རྒྱབ་སྐྱོར་དང་། རང་རྒྱལ་གྱིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དང་། རྒྱ་ཆེའི་ཆོས་དད་མཁན་དང་ཆོས་ལ་མི་དད་མཁན་གྱི་སྤྱི་དམངས་བར་མཐུན་སྒྲིལ་གང་ལེགས་ཡོང་བ་བྱེད་བཞིན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།