རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》 ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་སྤྱི་ཟླ་4 ཚེས་3 ཉིན་གནས་ཚུལ་སྤེལ་གསལ། སྤྱི་ཚེས་3 ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》 ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་དེར་ཧ་ལམ་ཡིག་འབྲུ་8000 ཡོད་པ་དང་། དེའི་ནང་གླེང་གཞི་དང་མཇུག་བསྡུ་བའི་གཏམ་ཕུད་ཁྱོན་ཆ་ཤས་ལྔ་འདུས་ཡོད་ལ། དེ་དག་ནི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་གཞི་རྩའི་སྲིད་ཇུས་དང་། ཆོས་ལུགས་དད་མོས་རང་དབང་གི་ཁེ་དབང་གི་ཁྲིམས་ལུགས་ཀྱི་འགན་སྲུང་། ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ། ཆོས་ལུགས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ། ཆོས་ལུགས་བར་གྱི་འབྲེལ་བ་སྐྱོན་བྲལ་ཡིན་པའི་སྐོར་སོགས་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ཀྲུང་གོའི་ཆོས་ལུགས་ཀྱི་དོན་དངོས་ལ་གཞིགས་ཏེ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་འགན་སྲུང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་སྐྱོང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་བཅས་བྱེད་བཞིན་ཡོད་པའི་སྐོར་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དེབ་དེའི་ནང་བསྟན་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་། ཆོས་ལུགས་ལས་དོན་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཏུ་བླངས་ཤིང་། བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་སྙོམས་སྒྲིག་བྱས་ཏེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅེས་དང་། ཆོས་དད་བྱེད་མཁན་དང་མི་བྱེད་མཁན་སྤྱི་དམངས་ཕན་ཚུན་བརྩི་འཇོག་དང་། མཛའ་མཐུན་མཉམ་གནས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧུར་ཐག་ཞུགས་ཏེ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་དང་ལེགས་སྐྱེས་ཕུལ་ཡོད།

རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། ཀྲུང་གོས་ཆོས་ལུགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཆོས་ལུགས་ལས་དོན་གྱི་དོན་དངོས་གཉིས་ཟུང་འབྲེལ་དང་། རྒྱལ་ཁབ་ཕྱི་ནང་གི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ། ཁྲིམས་ལྟར་ཆོས་དད་རང་མོས་འགན་ལེན་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་རྒྱལ་ཁའི་ལམ་བུ་ཞིག་བཏོད་ཡོད་ཅེས་དང་། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་རུ་གསལ་པོར་བསྟན་པར། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། རང་འགུལ་གྱི་སྒོ་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འོས་མཐུན་ཡོང་བར་སྣེ་འདྲེན་བྱས་ཏེ། ཀྲུང་གོས་སྔར་བཞིན་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དང་། འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ་དང་ཞི་མཐུན་བཅས་ཀྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་འབད་པ་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།