སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་མཇུག་འགྲིལ་བའི་གནས་ཚུལ་ཞོགས་པའི་ཉི་གཞོན་ལ་ཕྱོགས་ནས་མདུན་དུ་སྐྱོད་ཅེས་པ་ཞུ་རྒྱུ།
སྤེལ་བའི་དུས་ཚོད། : 2019-03-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༣པའི་ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༢༩ཐོག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་བདེ་བླག་ངང་ལེགས་སྒྲུབ་ཟིན་རྗེས་རྒྱལ་ཁའི་ངང་མཇུག་འགྲིལ་ཡོད། ཚོགས་འདུ་གྲོལ་བ་ནི་མཇུག་འགྲིལ་བ་ཞིག་མིན་པར་འགོ་གསར་པ་ཚུགས་པ་ཞིག་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་༣༠༠༠ཙམ་གྱིས་སེམས་ཤུགས་ལྡབ་བརྒྱ་འཕེལ་བ་དང་། རེ་སྒུག་བཅངས་ནས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྐྱོད་པ་དང་། ཁོང་ཚོའི་སེམས་དབུས་ཀྱི་འོད་སྣང་དང་རྐང་འོག་གི་སྟོབས་ཤུགས་དེ་མི་དམངས་ཚོགས་ཁང་ཆེན་མོའི་རྡོ་སྐས་ནས་མེས་རྒྱལ་ས་ཕྱོགས་གང་སར་ཁྱབ་པ་དང་། འབྱུང་འགྱུར་དང་རེ་བའི་ཕྱོགས་སུ་བསྐྱོད་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཆོན་ཧྲའུ་ཡིས་བར་ཐག་སྤྱི་ལེ་༨༠༠ལྷག་ཡོད་པའི་ཧོ་ནན་ཧྲང་ཚའེ་ཀྲུའུ་ལི་གྲོང་རྡལ་ཀོ་ཙེ་ཡང་གྲོང་ཚོ་ཡིད་ལ་ངེས་ ཡོད་པ་དང་། ཁོང་གིས། ཚོགས་འདུ་གྲོལ་རྗེས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་ཏེ་བྱ་བ་དངོས་སྒྲུབ་རྒྱུས་སྟོན་ཕྱོགས་བྱས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཚང་ཞི་རྫོང་པའེ་དབྱི་གྲོང་རྡལ་ཤིའུ་ཡུན་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་ལི་ཅུན་གྱིས། ཁོང་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་གོམ་སྟབས་རྗེས་མའི་འཆར་གཞི་ཁྱིམ་ཚང་ཚང་མར་བརྒྱུད་བསྒྲགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ན་རེན་ཐུ་ཡས་མེས་རྒྱལ་བྱང་ཕྱོགས་སུ་གནས་པའི་ནང་སོག་ཨུ་ལེའང་སུ་ཧའེ་མཚོ་ལ་དོ་ཁུར་བྱེད་བཞིན་ཡོད་པ་དང་། ཁོང་གིས། ང་རང་ནི་ཨུ་ལེའང་སུ་ཧའེ་མཚོའི་ཉེ་འགྲམ་ནས་ཡོང་བའི་འཐུས་མི་ཞིག་ཡིན། ང་རང་ལ་ཉེ་འཁོར་གྱི་མི་རྣམས་ལ་བརྒྱུད་བསྒྲགས་བྱེད་པའི་འོས་འགན་ཡོད་པས། ཁོང་ཚོའི་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་འདུ་ཤེས་ཆེ་རུ་འགྲོ་བ་བྱ་རྒྱུ་ཡིན། དེ་ནི་ང་རང་རང་ཉིད་ནས་འགོ་འཛུགས་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཟླ་གསུམ་པ་ནི་དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ཡིན་ཞིང་། འཐུས་མི་རྣམས་ནས་རང་འགན་གཙང་སྒྲུབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྲོ་སེམས་ཆེན་པོས་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་པ་རེད།

ད་ལོའི་སྤྱི་ཟླ་༣པར། དཔྱིད་ཀ་ལས་ཀྱང་གསོན་ཤུགས་ལྡན་པ་ནི་འཐུས་མི་ཚོའི་ལས་ཀ་བྱེད་ཤུགས་དང་འགན་འཁྲི་འཁུར་ཕོད་པ་དེ་ཡིན། ཁོང་ཚོས་གཞི་རིམ་དུ་བྱ་གཞག་གསར་གཏོད་དང་འབད་འཐབ་བྱེད་བཞིན་ཡོད་པ་དང་། ཁྱོན་ཡོངས་ནས་རྒྱལ་ཁ་མི་ཐོབ་ཚེ། ཕྱིར་འཐེན་གཏན་ནས་བྱེད་ཀྱི་མེད།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡིན། འཆར་འགོད་ནི་ཤོག་བུའི་ཐོག་ཏུ་གནས་པ་ཙམ་མ་ཟད། དེ་བས་ཀྱང་རྒྱ་ཆེ་བའི་གནམ་སའི་བར་དུ་དོན་འཁྱོལ་བྱེད་བཞིན་ཡོད། འཐུས་མི་ཚོས། རྒྱལ་ཁ་ཐོབ་ངེས་ཡིན་པའི་སེམས་ཤུགས་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལེའུ་གསར་པ་གཏོད་རྒྱུ་ཡིན་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་རུན་མེ་ཡིས། ང་རང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ང་ཚོའི་རྒྱལ་ཁབ་དེ་བས་ཡག་ཏུ་འགྲོ་བ་དང་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

དམག་དཔུང་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཡུན་ཐན་གྱིས། ང་ཚོས་ངེས་པར་དུ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས། འབད་བརྩོན་ཆེན་པོས་འབད་འཐབ་བྱེད་པ་དང་། འགན་འཁྲི་འཁུར་ནས་ལས་དོན་སྒྲུབ་པ། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ། དུས་བཀག་ལྟར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་དམིགས་འབེན་ལེགས་སྒྲུབ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བསུ་བ་ཞུ་དགོས་ཞེས་བསྟན་ཡོད་པ་རེད།

སྐྱེ་དངོས་ཐ་དག་སྐྱེ་འཚར་ཡོང་བའི་དུས་ཚིགས་འདིར། མི་དམངས་དུང་ཕྱུར་༡༤ཡིས་རླབས་ཆེའི་མེས་རྒྱལ་གྱི་ཆེད་དང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་བྱེད་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།