སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་བགྲོད་ལམ་མཇུག་ཤོས་དེ་གཉེར་བ།
སྤེལ་བའི་དུས་ཚོད། : 2019-03-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༥ཉིན་གྱི་ཕྱི་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་བགྲོད་ལམ་མཇུག་ཤོས་དེ་གཉེར་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅུས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་། ཧའེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནད་དོན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་གནང་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་གཞོན་པ་ཚའེ་ཧྥང་གིས་ཀྲུང་དབྱང་རླུང་འའཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་གཏོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དེས་སླད་ཕྱིན་ལས་ཞུགས་སྔོན་ལ་འཇོག་པའི་རིམ་པ་དེ་སྤྱི་ཁོགས་དཔལ་འབྱོར་སྲིད་ཇུས་གཞན་དང་མཉམ་འགུལ་འབྲེལ་མཐུད་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད་ཅེས་བསྟན་ཡོད་པ་རེད།

ན་ནིང་སྤྱི་ཟླ་༡༠པར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧའེ་ནན་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་རྒྱུའི་སྤྱིའི་ཇུས་གཞིར་ཆོག་མཆན་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧའེ་ནན་ཞིང་ཆེན་གྱི་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྥུ་ཤོན་ཁྲའོ་ཡིས། ལོ་ཕྱེད་རིང་། ཧའེ་ནན་གྱིས་གླིང་ཕྲན་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་རྒྱུའི་འཚོལ་ཞིབ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཀྲང་ཅན་ཏུང་གིས། སླད་ཕྱིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དེ་དམག་འཐབ་དངོས་བྱེད་པའི་དུས་མཚམས་སུ་སླེབས་རྒྱུ་ཡིན་ཞིང་། ད་ལོའི་སྤྱི་ཟླ་5པར་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་རྒྱུར་ད་དུང་ཉིན་1000ཡོད་པའི་རྩིས་རྒྱག་འགོ་ཚུགས་རྒྱུ་ཡིན། ལོ་སྨད་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲིས་མཚོན་རྟགས་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། འཛམ་གླིང་ཡོངས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་བསྡུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།