སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་རིང་ཞི་ཅིན་ཕིང་ཚོགས་པ་དང་ཚོགས་ཆུང་དྲུག་ལ་ཕེབས་ནས་རྒྱལ་སྐྱོང་སྲིད་འཛིན་རྒྱས་གླེང་གནང་བ་དང་། མི་དམངས་ལ་འཛིན་པའི་བརྩེ་དུང་མངོན་པར་གནང་།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་ཚོགས་ཆེན་གཉིས་ཀྱི་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྔ་རྗེས་སུ་ཚོགས་པ་དང་ཚོགས་ཆུང་དྲུག་ལ་ཕེབས་ཞུགས་གནང་ནས། འཐུས་མི་དང་ཨུ་ཡོན་རྣམ་པ་དང་ལྷག་བསམ་ཟོལ་མེད་ཀྱི་བཀའ་མོལ་གནང་བ་དང་། རྒྱལ་དོན་བགྲོ་གླེང་གནང་ཡོད། ཞི་ཅིན་ཕིང་གི་ཐེངས་རིམ་བྱུང་གི་གསུང་བཤད་ནང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་དགོངས་པ་མགོ་ནས་མཇུག་བར་ཁྱབ་ཡོད། གཤམ་ལ་ང་ཚོས་ཞི་ཅིན་ཕིང་གིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་རིང་གནང་བའི་གལ་ཆེའི་གསུང་བཤད་ལ་ཕྱིར་དྲན་ཞུས་པ་བརྒྱུད། དེའི་གཏིང་ཟབ་པའི་མི་དམངས་ཀྱི་བརྩེ་དུང་མྱོང་ཚོར་བྱ་རྒྱུ་ཡིན།

  སྤྱི་ཟླ་༣པའི་ཚེས་༤ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕུལ་བྱུང་གི་བརྩམ་བྱ་མི་དམངས་ལ་ལེགས་སྐྱེས་འབུལ་དགོས་པའི་ནན་སྟོན་གནང་བ་དང་། ཁོང་གིས། རྩོམ་རིག་སྒྱུ་རྩལ་གསར་རྩོམ་དང་། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པས་དང་ཐོག་སུའི་ཆེད་དུ་གསར་རྩོམ་བྱེད་པ་དང་། སུའི་ཆེད་དུ་དཔེ་ཆ་རྩོམ་པའི་གནད་དོན་དེ་གསལ་པོར་རྟོགས་པ་བྱ་དགོས། དེ་ནི་རྩ་བའི་གནད་དོན་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད།

  ཞི་ཅིན་ཕིང་གིས། མི་དམངས་ནི་གསར་རྩོམ་གྱི་འབྱུང་རྩ་ཡིན་ཞིང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་ཚེ། གཞི་ནས་གསར་རྩོམ་ལ་རྫོགས་མཐའ་མེད་པའི་འབྱུང་ཁུངས་ཡོང་རྒྱུ་རེད། རིག་གནས་རིག་རྩལ་ལས་དོན་པས་ལག་ལེན་གྱི་ཁྲོད་དུ་ཟབ་སྐྱོད་བྱེད་པ་དང་། མི་དམངས་ཀྱི་འཚོ་བར་ཞིབ་རྟོགས། མི་དམངས་ཀྱི་སེམས་པ་མཚོན་པ། སེམས་ནུས་སྒྲིམ་ནས་མི་དམངས་ཀྱི་འཚོ་བ་རྩོམ་པ་དང་། མི་དམངས་ཀྱི་འཚོ་བ་མཚོན་པ། མི་དམངས་ལ་བསྟོད་གླུ་འབུལ་བ་བཅས་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་ས་གནས་དངོས་སུ་བརྟག་དཔྱད་ཞིབ་འཇུག་མང་ཙམ་བྱས་ནས། མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་ཁོང་དུ་ཆུད་པ། མང་ཚོགས་ལ་དོགས་གནད་སེལ་རོགས་བྱེད་པ། གནས་ལུགས་བརྗོད་པ་བཅས་བྱས་ཏེ། ཤེས་བྱ་ཡོན་ཏན་མང་ཚོགས་ཀྱི་སེམས་ནང་སླེབས་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

  སྤྱི་ཟླ་༣པའི་ཚེས་༥ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁོང་ཞུགས་སའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་གཙོ་གནད་ཐོག་གླེང་གནང་ཡོད། ཁོང་གིས། ནང་སོག་གི་སྐྱེ་ཁམས་གནས་ཚུལ་གང་འདྲ་ཡོད་མེད་དེ། ལྗོངས་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་གནས་གོང་འཕེལ་དང་འབྲེལ་བ་ཡོད་པ་མ་ཟད། ཧྭ་བྱང་ས་ཁུལ་དང་། བྱང་ཤར་ས་ཁུལ། ནུབ་བྱང་ས་ཁུལ། ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་བརྟན་ཤུགས་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ནས། མེས་རྒྱལ་བྱང་རྒྱུད་ཀྱི་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། གསུང་བཤད་ཀྱི་མཇུག་ཏུ་ཞི་ཅིན་ཕིང་གིས་ད་དུང་ཏང་དང་སྲིད་གཞུང་ནས་སྣེ་ཁྲིད་དེ་གྲོན་ཆུང་འཚོ་བ་སྐྱེལ་དགོས་པའི་ནན་སྟོན་གནང་ཡོད།

  ཞི་ཅིན་ཕིང་གིས། ལྟོ་གོས་འཛོམས་ཀྱང་བག་མེད་ལ་སྦྱོར་ཚེ། ཚེ་གཅིག་དབུལ་ཕོངས་གཡང་དུ་ལྷུང་ཉེན་ཆེ་ཞེས་པའི་དཔེ་ལྟར། ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་གྲོན་ཆུང་གི་འཚོ་བ་སྐྱེལ་བའི་དམིགས་ཡུལ་ནི་མང་ཚོགས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པའི་ཆེད་དུ་ཡིན། དེ་ནི་རང་རེའི་ཏང་གི་དམིགས་ཡུལ་དང་ངོ་བོ་ལས་གཏན་ཁེལ་བྱུང་བ་ཞིག་ཡིན། རང་རེའི་རྒྱལ་ཁབ་ཀྱི་གོང་འཕེལ་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་པ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་གང་འདྲ་བྱུང་རུང་། དཀའ་སྤྱད་འབད་འཐབ་དང་། ཧུར་བརྩོན་གྲོན་ཆུང་གི་བསམ་བློ་དུས་ནམ་ཡང་དོར་མི་རུང་། དཀའ་སྤྱད་འབད་འཐབ་དང་། ཧུར་བརྩོན་གྲོན་ཆུང་གཉིས་ནི་ང་ཚོ་མཉམ་དུ་མདུན་སྐྱོད་དང་། གོང་འཕེལ་སྟོབས་ཆེར་སོང་བའི་གལ་ཆེའི་འགན་ལེན་ཡིན་ལ། ང་ཚོས་མུ་མཐུད་དེ་མ་འོངས་གསར་གཏོད་དང་། འོད་སྟོང་འབར་བའི་གྲུབ་འབྲས་སྐྱར་དུ་སྐྲུན་པའི་གལ་ཆེའི་འགན་ལེན་ཡང་ཡིན་ཞེས་གསུངས་པ་རེད།

  སྤྱི་ཟླ་༣པའི་ཚེས་༧ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་སྐབས་དབུལ་སྒྲོལ་འགག་གཏོར་ལས་ཀར་དམིགས་ནས་བླང་བྱ་གསལ་པོ་བཏོན་གནང་ཡོད། སྤྱི་ལོ་༢༠༢༠ལོར་སླེབས་དུས་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་པ་བྱ་དགོས་པའི་ལས་དོན་དེའི་སྐོར་ལ། ཁོང་གིས། སྟོབས་ཤུགས་གཅིག་སྡུད་ཀྱིས་བལྟོས་མེད་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་ཚོ་མ་ཡིན་པའི་དབུལ་ཕོངས་མི་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་དང་། ཤེས་རིག་དབུལ་སྐྱོར། རིག་སྟོབས་དབུལ་སྐྱོར་བཅས་ཟུང་འབྲེལ་བྱེད་པ་དང་། དབུལ་ལོག་མི་འབོར་དང་གསར་ཐོན་དབུལ་ཕོངས་མི་འབོར་ལ་དུས་ཐོག་ཏུ་རོགས་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

  ཞི་ཅིན་ཕིང་གིས། དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་རྗེས། ལམ་སེང་གཞི་ཁྱོན་འཐེན་པ་དང་། རྡོག་ཁྲེས་དབྱུག་པ། ངལ་གསོ་རྒྱག་པ་བཅས་བྱ་རྒྱུ་མེད་པར། མུ་མཐུད་ནས་དབུལ་ཕོངས་མི་འབོར་ལྷག་མའི་དབུལ་སྒྲོལ་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས་ཤིང་། ཞྭ་མོ་ཕུད་ཀྱང་འགན་འཁྲི་མི་དོར་བ་དང་། ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་འགྱུར་བ། ཞྭ་མོ་ཕུད་ཀྱང་རོགས་སྐྱོར་མཚམས་འཇོག་མི་བྱེད་པ། ཞྭ་མོ་ཕུད་ཀྱང་ལྟ་སྐུལ་དོ་དམ་མཚམས་འཇོག་མི་བྱེད་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

  སྤྱི་ཟླ་༣པའི་ཚེས་༨ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཧོ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་ཡོད། ཉིན་དེ་ཏག་ཏག་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་ཆེད་མངགས་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་བཀྲ་ཤིས་སྨོན་འདུན་གསུངས་གནང་ཡོད།

  དེ་རྗེས་ཀྱི་གསུང་བཤད་ནང་། ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐོག་བཞག་གནང་ཡོད། ཚོགས་རའི་ནང་འཐུས་མི་ཞིག་གིས་ཞིང་པའི་ཕུགས་འདུན་བརྒྱད་ཀྱི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས། ང་རང་རྒྱུན་དུ་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ་ཀྱི་ས་ཆ་འགའ་ཤས་ལ་འགྲོ་སྐབས། ངས་རྟག་ཏུ་ཁྱེད་རང་ཚོར་ད་དུང་དགོས་མཁོ་ཅི་ཞིག་ཡོད་དམ་ཞེས་སྐད་ཆ་འདྲི་གི་ཡོད། ཁྱེད་རང་གིས་དེ་རིང་བཤད་པ་དེ་དག་ང་ཚོའི་རྒྱ་ཆེའི་ཞིང་པ་བློ་མཐུན་ནས་བདེ་སྐྱིད་འཚོ་བ་བརྩོན་ལེན་བྱེད་པའི་རེ་བ་ཤ་སྟག་རེད། འགའ་ཤས་ང་རང་ཚོས་བསྒྲུབས་ཟིན་པ་དང་ལེགས་གྲུབ་བྱུང་ཡོད། འགའ་ཤས་ད་དུང་བསྒྲུབ་བཞིན་པའི་སྒང་ཡིན། འགའ་ཤས་ནི་རྗེས་སུ་བསྒྲུབ་རྩིས་ཡོད་པ་རེད། ང་ཚོའི་དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པས། མི་དམངས་མང་ཚོགས་ནས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པར་གཞིགས་ནས་ལག་ལེན་བྱེད་དགོས། ང་ཚོའི་ལག་ལེན་གྱི་རྒྱུད་རིམ་དེ་ནི་གོམ་པ་རེ་ལ་རྐང་རྗེས་རེ་ཡོད་པ་དང་། གཅིག་རྗེས་གཅིག་མཐུད་ཀྱི་དཔེ་ལྟར་ཏན་ཏན་ཏིག་ཏིག་གིས་མདུན་སྐྱོད་བྱེད་པ་ཞིག་ཡིན་ཞེས་གསུངས་གནང་ཡོད།

  སྤྱི་ཟླ་༣པའི་ཚེས་༡༠ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཧྥུ་ཅན་གྱིས་གོང་འཕེལ་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་པའི་ཐོག་སླར་ཡང་གྲུབ་འབྲས་གསར་པ་ལེན་རྒྱུ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་མིག་དཔེ་འདོན་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

  ཞི་ཅིན་ཕིང་གིས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་ཏུ་བཏང་ནས། ལས་དོན་སྒྲུབ་པ་རྣམས་རྒྱ་ཆེའི་ཐེ་ཝན་སྤུན་ཟླའི་སེམས་ཁོངས་སུ་ཚུད་པ་བྱེད་དགོས་པ་དང་། ཐེ་ཝན་སྤུན་ཟླས་མི་རིགས་དང་རྒྱལ་ཁབ་ལ་ཤེས་རྟོགས་དང་བརྩེ་དུང་ཟབ་ཏུ་འགྲོ་བ་བྱེད་དགོས། ཐེ་ཝན་གྱི་ལས་དོན་ཁྲོད་མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར་བྱེད་དགོས་པ་དང་། ཐེ་ཝན་སྤུན་ཟླར་ལྟ་སྟངས་གཅིག་འཛིན་བྱས་ནས། སྐམ་ས་ཆེན་མོའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཞིན་ཐེ་ཝན་སྤུན་ཟླར་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་ཡོད་པ་རེད།

  ཞི་ཅིན་ཕིང་གིས་ད་དུང་དམིགས་སུ་བཀར་ནས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་། ཀྲུང་དབྱང་སུའུ་ཁུལ་གྱི་དབུལ་གྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ནན་སྟོན་གནང་ཡོད། ཁོང་གིས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པས། ཆུ་འཐུང་སྐབས་ཆུ་ཕུགས་དྲན་དགོས་པའི་དཔེ་ལྟར། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་སུའུ་ཁུལ་གྱི་མི་དམངས་རྩ་བ་ནས་བརྗེད་མི་ཉན། གསེད་དཀྲོལ་རིམ་བཤེར་དང་ལས་དོན་ལ་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་འཕེལ་རིམ་ཁྲོད་རྟེན་གཞི་རྙིང་པའི་ཁུལ་དང་སུའུ་ཁུལ་གཅིག་རྐྱང་མི་ལུས་པའི་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

  སྤྱི་ཟླ་༣པའི་ཚེས་༡༢ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཡོད། གསུང་བཤད་ཀྱི་མཇུག་ཏུ། ཁོང་གིས། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་གནད་དོན་ཐད་ནན་སྟོན་གནང་ཡོད།

  ཞི་ཅིན་ཕིང་གིས། དམག་དཔུང་གིས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རམས་འདེགས་ཧུར་ཐག་བྱེད་དགོས་པ་དང་། ཉེན་སེལ་གནོད་སྐྱོབ་སོགས་དཀའ་ཉེན་བྲེལ་ལྕིའི་ལས་འགན་བསྒྲུབ་ཕོད་པ། གནས་གཏན་འཁེལ་གྱི་སྒོ་ནས་དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་མང་ཚོགས་ལ་ཟུར་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྤེལ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། དམག་ཞབས་འཐིམས་པའི་དམག་མི་བཀོད་སྒྲིག་དང་། དམག་མི་རྨས་མ་དང་ནད་པ། དབང་པོ་སྐྱོན་ཅན་བཅས་རྩིས་སྤྲོད་བྱ་རྒྱུ། དམག་འགྲོགས་ཁྱིམ་མིའི་ལས་ཞུགས། དམག་མིའི་བུ་ཕྲུག་སློབ་གྲྭར་སྐྱོད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ། དམག་དཔུང་ནས་ཁྱོན་ཡོངས་ནས་གླ་ལེན་ཞབས་ཞུ་མཚམས་འཇོག་བྱ་རྒྱུར་གཞོགས་འདེགས་བྱས་ནས། ཐུན་མོང་ཐོག་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་ཚེ་རིང་།