རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ཤིས་ཧྭས་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་ སྤེལ་བྱ་དགོས་ན་མཁའ་འགྲུལ་ཟོག་འགྲེམས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་3ཚེས་13ཉིན། “བོད་ལྗོངས་ལ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། ཡིན་ཡང་དེ་བས་ཤར་བགྲོད་ཐུབ་པའི་འགྲིམ་འགྲུལ་བྱུང་ན། བོད་ལྗོངས་ཡུལ་སྐོར་གྱི་མི་མངོན་པའི་ནུས་པ་དེ་བས་འདོན་ཐུབ།” རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གིས་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནད་དོན་སྐོར་བརྗོད་སྐབས། དོ་ཁུར་རྒྱ་ཁྱབ་ངང་ཐོབ་པ་རེད།

ལོ་53ལ་སླེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ཤིས་ཧྭ་ནི་ཀོང་ཏུང་འཐུས་མི་ཚོགས་པ་ནས་ཡིན་ཞིང་། ཀོང་ཏུང་ཞིང་ཆེན་ཧུད་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་རེད། བོད་སྐྱོར་དུ་ཡོང་རྗེས་སླར་ཡང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བ་དང་། 2003ལོ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས། ཧོང་ཤིས་ཧྭས་ཧུར་བརྩོན་ཆེན་པོས་འགན་འཁྲི་བསྒྲུབ་པ་དང་། བསམ་འཆར་མང་པོ་བཏོན་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་། “ཀོང་ཏུང་དང་བོད་ཀྱི་འཐུས་མི”ཡིན་པའི་ཁོང་གིས་བོད་ལྗོངས་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འགོད་མུ་མཐུད་བྱས་ནས། ཀོང་ཏུང་གི་འཐུས་མི་ཚོགས་པར་“བོད་ཀྱི་རྣམ་པ་”ཞིག་བསྣན་ཡོད།

ཧོང་ཤིས་ཧྭས། བོད་ལྗོངས་སུ་གནམ་ཐང་5བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་མོད། ཡིན་ནའང་། གནམ་ཐང་གི་གཞི་ཁྱོན་ཆུང་ཞིང་། ཡུལ་སྐོར་བ་མང་ཤོས་དང་ཉུང་ཤོས་ཀྱི་དུས་ཚིགས་མངོན་གསལ་དོད་པ་སོགས་ཀྱི་རྒྱུ་རྐྱེན་གྱིས། མཁའ་ལམ་ཁ་ཤས་མི་འདང་བའི་གནད་དོན་ཐོན་ཡོད་པས། ཚད་གཞི་ངེས་ཅན་གྱི་ཐོག་ནས་མཁའ་འགྲུལ་ཟོག་འགྲེམས་དང་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་ཡོད་པ་རེད། ཉིང་ཁྲིའི་སྨན་གླིང་གནམ་ཐང་དཔེར་བཞག་ནས་བཤད་ན། ཟླ་5པ་ནས་ཟླ་10པའི་བར་བོད་ལྗོངས་སུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཡིན་པས། དུས་གཏན་གནམ་གྲུའི་སྤ་སེ་གཅིག་ཀྱང་རག་ཁག་པོ་ཡོད་ཅེས་བཤད་པ་རེད།

ཧོང་ཤིས་ཧྭས་ཉིང་ཁྲིར་མཁའ་ལམ་ཉུང་ཞིང་། ད་དུང་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་དང་ཉིང་ཁྲི་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་མེད་པས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉིང་ཁྲིའི་ཡུལ་སྐོར་བའི་གྲངས་འབོར་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཡོད།

དེར་བརྟེན་ཧོང་ཤིས་ཧྭས་ད་ལོ་《བོད་ལྗོངས་ཀྱི་མཁའ་འགྲུལ་ཟོག་འགྲེམས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་》འཁྱེར་ནས། དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་གྱིས་རྒྱལ་ནང་གི་གྲོང་ཁྱེར་ཁག་གཅིག་དཔེར་ན་པེ་ཅིང་དང་། ཧྲང་ཧའེ། ཧང་ཀྲོའུ། ཁུང་མིང་སོགས་ནས་ཉིང་ཁྲིར་བསྐྱོད་མཁན་གྱི་ཐད་གཏོང་གནམ་གྲུ་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་བསམ་འཆར་བཏོན་པ་དང་། ནོར་སྲིད་སྡེ་ཚན་གྱིས་བོད་ལྗོངས་སོགས་ས་ཁུལ་དུ་འཕུར་མཁན་མཁའ་འགྲུལ་ཀུང་སིར་འོས་འཚམ་ངང་སྣུམ་རིན་ཁ་གསབ་སྤྲོད་པ་དང་། ཐད་གཏོང་གནམ་གྲུས་ཡུལ་སྐོར་བ་མང་བའི་དུས་ཚིགས་སམ་ཡང་ན་དགུན་དུས་ཚང་མར་མཁའ་འགྲུལ་མི་ཆད་པའི་འགན་ལེན་བྱ་རྒྱུའི་བསམ་འཆར་བཏོན་པ། ཚོང་དོན་སྡེ་ཚན་གྱིས་བོད་ལྗོངས་ལ་དྲ་ཐོག་ཚོང་དོན་ཐད་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ས་མཐོ་ནས་བསྐྱོད་ཐུབ་པ་བྱ་རྒྱུའི་བསམ་འཆར་བཏོན་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།