ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དེ་ཕྱི་ཚུལ་ཙམ་དུ་གཏན་ནས་མི་འགྲོ་བ་བྱ་དགོས།
སྤེལ་བའི་དུས་ཚོད། : 2019-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་འགོ་བརྗོད་དུ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དེ་ཕྱི་ཚུལ་ཙམ་དུ་གཏན་ནས་མི་འགྲོ་བ་བྱ་དགོས་ཞེས་པའི་དཔྱད་གཏམ་ཐུང་ངུ་སྤེལ་ཡོད།

དཔྱད་གཏམ་ཐུང་ངུའི་ནང་། རང་རེའི་ཏང་གིས་སྔར་ནས་བཟུང་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བའི་སྐབས་ཀྱི་ཕྱི་ཚུལ་རིང་ལུགས་ཚང་མར་ངོ་རྒོལ་རྒྱབ་མྱོང་ཡོད་པ་དང་། ཕྱི་ཚུལ་རིང་ལུགས་ཀྱིས་ཏང་གི་བདེ་ཐང་གཟུགས་གཞིར་གནོད་འཚེ་བཟོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་དང་།

དཔྱད་གཏམ་ཐུང་ངུའི་ནང་། མིག་སྔར། ང་ཚོས་རྟག་ཏུ་སྣང་ཚུལ་འདི་འདྲ་ཞིག་མཐོང་གི་ཡོད་པ་སྟེ། གནད་འཕིགས་དབུལ་སྐྱོར་དེ་གནད་འཕིགས་ཀྱི་རེའུ་མིག་འབྲི་རྒྱུར་འགྱུར་བ་དང་། ལས་དོན་སྒྲུབ་པར་ངེས་པར་དུ་སྔོན་ལ་པར་རྒྱབ་ནས་རྗེས་ཤུལ་མཐོང་རྒྱུ་ཡོད་པ་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ལས་བྱེད་པར་དཀའ་ངལ་ཆེན་པོ་བཟོ་གི་ཡོད། ཐ་ན་མི་རེ་འགས་འོག་རིམ་གྱི་ལྕགས་གཟེར་གཅིག་ལ་གོང་རིམ་གྱིས་ཐོ་བ་སྟོང་བཞུ་གི་ཡོད་ཅེས་བརྗོད་ཀྱི་ཡོད། ད་ཆ་ཚོགས་འདུ་ཉུང་ཙམ་འཚོགས་པ་དང་དུས་ཡུན་ཐུང་ཙམ་འཚོགས་པ། ཕན་ཐོགས་པའི་ཚོགས་འདུ་འཚོགས་པ་བཅས་ནས་དཔྱད་དཔོག་ཉུང་དུ་གཏོང་བའི་བར་དང་། དེ་ནས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་བྱེད་པའི་བར། ཀྲུང་དབྱང་ནས་ནུས་ཤུགས་ཆེན་པོས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ་ནི་གནོན་ཤུགས་ཆུང་དུ་གཏོང་བ་ཞིག་ཡིན་ལ། གཞི་རིམ་གྱི་ལས་བྱེད་པར་སྒུལཤུགས་སྣོན་པ་ཞིག་ཀྱང་ཡིན་པས། གཞི་རིམ་དུ་ཡིག་ཆ་མང་བ་དང་། གྲངས་གཞི་འཚོལ་བསྡུ། ཕྱི་ཚུལ་བཟོ་བ་སོགས་ཀྱི་སྣང་ཚུལ་ངན་པ་ཉུང་དུ་གཏོང་ཐུབ་པ་མ་ཟད། དེ་བས་ཀྱང་གཞི་རིམ་གྱི་ལས་བྱེད་པས་སེམས་ཤུགས་ཀྱིས་ཁེངས་པ་དང་། ཁུར་པོ་དེ་ཙམ་མེད་པར་མདུན་དུ་བསྐྱོད་ཐུབ་ཅེས་བསྟན་ཡོད་པ་དང་།

དཔྱད་གཏམ་ཐུང་ངུའི་ནང་། ཁུར་པོ་ཡང་དུ་གཏོང་བ་ནི་ཚད་གཞི་དམའ་རུ་གཏོང་བ་ཞིག་དང་སྤུས་ཚད་ཞན་དུ་གཏོང་བ་ཞིག་མིན་ལ། དེ་བས་ཀྱང་ཕྱི་ཚུལ་ཙམ་དུ་མི་འགྲོ་བ་བྱས་ནས། གཞི་རིམ་གྱི་ལས་བྱེད་པ་རྣམས་ཡིག་ཆ་དང་ཚོགས་འདུ་མང་པོའི་ཁྲོད་ནས་དོན་ཐུབ་པ་དང་། རྗེས་ཤུལ་དོ་དམ་ཁྲོད་ནས་བཅིངས་འགྲོལ་ཐུབ་པ། ཞིབ་བཤེར་མང་པོའི་ཁྲོད་ནས་གྲོལ་ཐུབ་པ་བཅས་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པས་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ལས་དོན་དངོས་སྒྲུབ་པ་དང་། གནད་དོན་ཐག་གཅོད་བྱས་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས། དེ་ལྟར་བྱས་ཚེ་ཁོང་ཚོས་གཞི་ནས་སྤུས་ཚད་མཐོ་བའི་ལས་དོན་སྒྲུབ་ཐུབ་ངེས་ཡིན་ཞེས་ནན་བཏོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།