བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སྐོར་གླེང་བ།
སྤེལ་བའི་དུས་ཚོད། : 2019-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་འཐུས་ཚོགས་ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་ཏེ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འགན་འཁུར་བས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སྐོར་གླེང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་དང་། རྒྱལ་ཁབ་ཤེས་བྱ་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲན་ཁྲང་ཡུས། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཅའོ་ཧུང་བཅས་ཀྱིས“ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་རྒྱུ”སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

བཟའ་བཅའི་བདེ་འཇགས་དང་རྫུས་མར་རྡུང་རྡེག་གཏོང་བར་དམིགས་ཏེ་ཀྲང་མའོ་ཡིས་བཟའ་བཅའི་བདེ་འཇགས་ཐད“ནན་ཤོས་བཞི”ལག་ལེན་བསྟར་དགོས་པ་སྟེ། ཚད་གཞི་ནན་ཤོས་བཟོ་བ་དང་། ལྟ་འདོམས་ནན་ཤོས་བྱེད་པ། ཆད་པ་ནན་ཤོས་གཅོད་པ། འགན་འཁྲི་རྩད་གཅོད་ནན་ཤོས་མཐའ་འཁྱོངས་བྱེད་པ་བཅས་རེད། འབྱུང་རྩར་སྔོན་འགོག་ནན་པོ་དང་། བརྒྱུད་རིམ་ལ་དོ་དམ་ནན་པོ། ཉེན་ཁར་ཚོད་འཛིན་ནན་པོ་བཅས་བྱེད་དགོས། ཁྲིམས་བཞིན་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་འགལ་གྱི་མ་གནས་མཐོ་རུ་བཏང་ནས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་དགོས་ཞེས་བརྗོད།

“ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་རིམས་འགོག་སྨན་ཁབ་ལ་ལྟ་འདོམས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་ཅའོ་ཧུང་གིས་བརྗོད་ཅིང་། ཁོང་གིས་རིམས་འགོག་སྨན་ཁབ་ཀྱི་གནད་དོན་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པས་རིམས་འགོག་སྨན་ཁབ་ཀྱི་གནད་དོན་ལ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མིག་སྔར་རིམས་འགོག་སྨན་ཁབ་ཀྱི་དོ་དམ་བཅའ་ཁྲིམས་འཆར་ཟིན་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མའི་གྲོས་ཞིབ་བྱས་པ་དང་འབྲེལ་བསམ་འཆར་བསྡུ་ལེན་ཡོངས་བསྒྲགས་བྱས་པ་རེད། རིམས་འགོག་སྨན་ཁབ་ལ་ལྟ་འདོམས་ནན་ཤོས་བྱས་ནས་ལྟ་འདོམས་ཀྱི་ལས་འཛོལ་དང་འགན་འཛོལ་བྱུང་བའི་བྱེད་སྤྱོད་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་ཞེས་བརྗོད།

ཡོང་ཁུངས། མི་དམངས་དྲ་བ།