བོད་ལྗོངས་ཀྱི་ཁ་བཏགས་ལྗང་ཁུའི་བྱ་སྤྱོད་ཀྱིས་སྣོད་བཅུད་སྲུང་སྐྱོང་ལ་རམ་འདེགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷུན་གྲུབ་རྫོང་མཁར་རྩེ་ཤང་གི་ཤང་ཀྲང་ཧོ་ཀྲེན་ཧྭ(གཡོན་གྱི་དང་པོ)ཡིས་སྐུ་མགྲོན་ལ“གཟི་བརྗིད་ཡུལ་མིའི”ལག་ཁྱེར་སྤྲད་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་མཉམ་འབྲེལ་ལི་ཧྭ་ལི་ཧྲི་སྤུས་རྟགས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པའི་2019ལོའི“ལི་ཧྲི·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”ཚེས་9ཉིན་བོད་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་དུ་སྤེལ་འགོ་ཚུགས་པ་རེད། ལྷུན་གྲུབ་རྫོང་དང་། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས། མཉམ་འབྲེལ་ལི་ཧྭ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་སོགས་སྐུ་མགྲོན་གྱིས་ཡུལ་དངོས་སུ་ཐུན་མོང་ཐོག་མཐོ་སྒང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དར་སྤེལ་བཏང་བ་རེད།

2011ལོར། མཉམ་འབྲེལ་ལི་ཧྭ་ལི་ཧྲི་སྤུས་རྟགས་ཀྱིས་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ“ལི་ཧྲི·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཕན་རྩྭ་འདེབས་ལ་བརྟེན་ནས་བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་རམ་འདེགས་བྱེད་པ་དང་ཆབས་ཅིག “སྤྱི་ཕན་+གནད་སྨིན་དབུལ་སྐྱོར”དང“སྤྱི་ཕན་+ཁེ་ལས་མཉམ་ལས”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དེ་རེད།

ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཤིས་ཀོང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི“གྲགས་ཅན”ཡིན་པའི་རྩྭ་འདེབས་རྣམ་གྲངས“ལི་ཧྲི·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”ཀྱིས་སྣོད་བཅུད་རིན་ཐང་གི་གལ་ཆེའི་རང་བཞིན་དང་། སྣ་མང་ཅན་གྱི་སྤྱི་ཕན་རྣམ་པ། ལས་རིགས་མཉམ་འདྲེས་དང་གསར་གཏོད་བཅས་ལ་བརྟེན་པས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་ཁྱབ་ཁོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི“ལི་ཧྲེ་·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”ཀྱི་བརྗོད་དོན་གཙོ་བོ་ནི“མི་རེས་སྒོར་རེ་སྤྱད་དེ་རྩྭ་སྨི་ངོས་གྲུ་རེ་འདེབས་ནས། མཚོ་བོད་སྣོད་བཅུད་ཀྱི་དཔལ་འབྱོར་དངོས་ཚན་མཉམ་དུ་འཛུགས”ཞེས་པ་དེ་ཡིན་ལ། ཁེ་ལས་གྲགས་ཅན་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། བྱེད་སྒོ་དེས་ཐེང་ཤུའེ་སྤྱི་ཕན་ལས་སྟེགས་དང་ལག་གདང་སྦྲེལ་ནས་མཐོ་སྒང་གི་རྩྭ་རར་རྩྭ་འདེབས་པར་ཞུགས་པའི“ཐོགས་མེད་བགྲོད་ལམ”བཏོད་པ་རེད། སྤྱི་དམངས་ཀྱིས་ཐེང་ཤུའེ་སྤྱི་ཕན་ལས་སྟེགས་བརྒྱུད་རྩྭ་འདེབས་འཛུགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཆོག་པ་མ་ཟད། ད་དུང་སྨི་ངོས་གྲུ་གཅིག་གི་རྩྭ་སར་མི་དམངས་ཤོག་སྒོར་རེ་ཞལ་འདེབས་ཀྱི་ཚད་གཞི་ལྟར་རྩྭ་འདེབས་ནང་ཞུགས་ནས་བོད་ཀྱི་སྣོད་བཅུད་ལེགས་སུ་འགྲོ་རྒྱུར་རོགས་རམ་བྱེད་ཆོག་གི་ཡོད་པ་རེད།

ལྷུན་གྲུབ་རྫོང་གི་རྫོང་དཔོན་གཞོན་པ་བསྟན་འཛིན་གྱིས“ལི་ཧྲི་·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”ཀྱིས་མཁར་རྩེ་ཤང་དུ་རིམ་རྩིས་བྱས་ན་མི་ཐབས་རྩྭ་ར་མུའུ་1500འདེབས་པས་ཞིང་འབྲོག་པ་ཁྲི་ལ་ཉེ་བར་ཕན་པ་ཐོབ་ཡོད་པས། ས་གནས་དེ་གའི་ཚན་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ལ་རོགས་རམ་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་དང་། མཐའ་འཁོར་གྱི་མང་ཚོགས་ལ་ཞིང་འབྲོག་ལས་ཀྱི་འདེབས་གསོའི་ལག་རྩལ་ཤེས་བྱ་མཁོ་འདོན་བྱས་ནས། གཟན་རྩྭའི་ཐོན་ཚད་མང་དུ་གཏོང་བ་དང་། ཕྱུགས་རིགས་བཤས་གཏོང་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད།

གཞན་ཡང་། མཉམ་འབྲེལ་ལི་ཧྭ་ལི་ཧྲི་སྤུས་རྟགས་ཀྱིས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་དང་མཉམ་ལས་བྱས་ནས་འབུ་སུ་ཧང་སྨུག་པོའི་ཞིང་ལས་ཉོ་སྒྲུབ་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་གཞི་རིམ་བཞིན་ལག་ལེན་བསྟར་བཞིན་ཡོད་ལ། འབྱུང་འགྱུར་ལོ་གསུམ་ནང་མཁར་རྩེ་ཤང་ལ་འབུ་སུ་ཧང་སྨུག་པོའི་ཉོ་སྒྲུབ་རྟེན་གཞི་འཛུགས་རོགས་བྱས་ཏེ། ས་གནས་དེའི་ཐོག་སྐྱེས་པའི་འབུ་སུ་ཧང་སྨུག་པོ་དེ་སྤུས་རྟགས་མཁོ་སྤྲོད་སྦྲེལ་ཐག་ནང་བཅུག་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཁྲོད་སྤྱད་དེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་ཀྱི་ཕན་པ་ཐོབ་པ་བྱ་རྒྱུ་རེད།

 

བོད་ལྗོངས་མཐོ་སྒང་རྩྭ་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་འབུམ་རམས་པ་ཝུའུ་ཅུན་ཤིས(གཡོན་གྱི་དང་པོ)ཀྱིས་ལྷུན་གྲུབ་རྫོང་གི་རྩྭ་འདེབས་གནས་ཚུལ་གསལ་འགྲེལ་བྱེད་བཞིན་ཡོད་པ།