མགོན་པོ་བཀྲ་ཤིས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་མི་དམངས་ཀྱི་རྣམ་པ་བཟང་པོ་སྟོན་དགོས་ཞེས་བརྗོད་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་རྩལ་ཁྲིད་པ་དང་ལུས་རྩལ་པར་འཚམས་འདྲི་གནང་དུས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་མི་དམངས་ཀྱི་རྣམ་པ་བཟང་པོ་སྟོན་དགོས་ཞེས་བརྗོད་པ།

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མཚོ་སྔོན་འཐུས་མི་ཚོགས་པའི་ཚོགས་གཙོ་མགོན་པོ་བཀྲ་ཤིས་ཀྱིས་ཀྲེང་ཀྲོའུ་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་འགྲན་ཞུགས་རྩལ་ཁྲིད་པ་དང་ལུས་རྩལ་པ་ཁག་ཅིག་ལ་འཚམས་འདྲི་གནང་བ་རེད།

ལུས་རྩལ་པ་སྡོད་སར་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་འགྲན་ཞུགས་མི་སྣར་འཚམས་འདྲི་ཞུས་པ་རེད། ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པའི་གྲ་སྒྲིག་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཁོ་ཚོའི་འགྲན་བསྡུར་བཀོད་སྒྲིག་དང་། ཟ་མ་དང་སྡོད་གནས། འགྲན་ར་དང་ཕྱི་སྐྱོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་ཚོགས་ཆེན་ཞིག་ཡིན་པས། ལུས་རྩལ་པ་ཚོས་དམ་བཅའ་ཚོགས་ཆེན་ཐོག་བཏོན་པའི་བླང་བྱ་ལྟར་སྒྲིག་ལམ་ལ་སྲུང་བརྩི་ཞུས་ནས། བདེ་ཐང་ཡར་ཐོན་དང་ཡར་རྒྱས་བརྩོན་ལེན་གྱིས་མཚོ་སྔོན་མི་དམངས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་འགྲན་བསྡུར་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ན་ཡང་མཚོ་སྔོན་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་དང་རྣམ་པ་བཟང་པོ་སྟོན་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་ཞིག་ཡིན། འདི་ནི་མི་རིགས་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་ཡིན་པས། འཁྲབ་སྟོན་རྣམ་གྲངས་དང་འགྲན་བསྡུར་རྣམ་གྲངས་གང་ཞིག་ཡིན་རུང་ཚང་མས་མཛའ་མཐུན་ཨང་དང་པོར་འཇོག་པ་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཐར་ཚང་མར་ལུས་པོ་བདེ་ཐང་ཡོང་བ་དང་། གྲུབ་འབྲས་ཆེན་པོ་ཐོབ་ནས་རང་ཡུལ་ལ་ཕྱིར་ལོག་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འདི་ཟླ་9ཚེས་8ཉིན་ནས་ཚེས་16ཉིན་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་དུ་འཚོགས་རྒྱུ་ཡིན། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་152ཤིང་རྩེད་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཐེ་པེད་སྤོ་ལོ། གླང་པོ་གཉའ་རྩལ་སོགས་འགྲན་བསྡུར་རྣམ་གྲངས་9དང་། ས་ལར་ཞབས་བྲོ་དང་། གཡང་མདའ། དགོན་ལུང་གི་དཔྱང་ཐག་བཅས་འཁྲབ་སྟོན་རྣམ་གྲངས་3ལ་ཞུགས་རྒྱུ་རེད།