ཝང་དབྱང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2019-08-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་བོད་ལྗོངས་སུ་རྟོག་ཞིབ་གནང་ཡོད། ཁོང་གིས། མིག་སྔར་དབུལ་སྒྲོལ་འགག་གཏོར་དེ་ རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ཆེས་འགག་རྩ་ནི་ལས་དོན་ལྷོད་གཡེང་ཤོར་བ་དང་། བསམ་བློ་ཉམས་ཞན་དུ་འགྲོ་རྒྱུ་སྔོན་འགོག་བྱ་རྒྱུ་དེ་ཡིན། ཏང་གི་བོད་སྐྱོང་ཐབས་ཇུས་དང་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་གཏོར་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་རྒྱུན་མཐུད་དམག་འཐབ་དང་། ཇི་ཙམ་འཐབ་པ་དེ་ཙམ་གྱིས་བློ་སྟོབས་ཆེ་རུ་འགྲོ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར། ལས་དོན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་རྒྱུ་འགན་ལེན་བྱེད་པ་དང་། བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཡོང་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

སྤྱི་ཚེས་༡༩ཉིན་ནས་༢༡ཉིན་བར། ཝང་དབྱང་སྔ་རྗེས་སུ་ལྷོ་ཁ་དང་། ལྷ་ས། མངའ་རིས་སོགས་ས་གནས་སུ་ཕེབས་ནས། དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ས་ཚིགས་དང་། དབུལ་སྐྱོར་ཐོན་ལས་གླིང་ཁུལ། དབུལ་ཕོངས་དུད་ཚང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་སུ་ཕེབས་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བྱེད་པའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད། ཝང་དབྱང་གིས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་གཏོར་སོགས་ཀྱི་ལས་དོན་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས། དབུལ་སྒྲོལ་བྱེད་པར་གཅིག་ནས་གྲངས་འབོར་ལ་ལྟ་དགོས་ལ་དེ་བས་ཀྱང་སྤུས་ཚད་ལ་ལྟ་དགོས། དབུལ་སྒྲོལ་སྤུས་ཚད་ལ་ཞིབ་བཤེར་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ནི། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་བརྟན་དུ་གཏོང་ཐུབ་མིན་དེ་ཡིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས། དབུལ་སྒྲོལ་ལས་ཀའི་ནང་གནས་པའི་གནད་དོན་ནན་ཏན་གྱིས་ཞིབ་བརྟག་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་བཅོས་སྒྲིག་དོན་འཁྱོལ་ནན་པོ་བྱེད་པ། ངོས་འཛིན་གསལ་པོ་མེད་པ་དང་། འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་པོ་མེད་པ་དང་། དབུལ་སྒྲོལ་གྲུབ་འབྲས་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ཐོན་རྒྱུ་སྔོན་འགོག་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཝང་དབྱང་གིས། བོད་ལྗོངས་ནི་ཏཱ་ལའི་ཚོགས་པ་དང་འཐབ་རྩོད་བྱེད་པའི་ཆེས་མདུན་ཕྱོགས་སུ་གནས་ཡོད་པས། དབུལ་སྒྲོལ་འགག་གཏོར་དང་། ཆོས་ལུགས་ལས་དོན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་དང་། ཕན་ཚུན་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་གཏོར་གྲུབ་འབྲས་དེ་བསླབ་གཞིར་བརྩི་བ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་། གསོན་ཉམས་ལྡན་པའི་དཔེ་མཚོན་གྱི་ཐོག་ནས་བོད་ལྗོངས་ཀྱི་དབུལ་སྐྱོར་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། མི་རིགས་ཁག་གི་མང་ཚོགས་ནས་ཏང་གི་ཐུགས་ཁུར་མྱོང་ཚོར་ངོ་མ་ཐོབ་པ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་པའི་དད་སེམས་བརྟན་དུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་རྩད་ཞིབ་གཏིང་ཟབ་བྱས་ནས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པ་བྱེད་དགོས། བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱིས་སྟངས་འཛིན་ཡོད་པའི་ཐོག་ནས་ཆོས་ལུགས་དད་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་པ། དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་དུ་གནས་པའི་སྒུལ་ཤུགས་སྐུལ་སྤེལ་བྱེད་པ། ཆོས་ལུགས་སྐྱོན་བྲལ་དང་སྒྲིག་ལྡན་ངང་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག མགོན་པོ་གཡུལ་རྒྱལ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།