ཆར་པ་ཆེན་པོ་བབས་ནས་སི་ཁྲོན་རྔ་པ་ཁུལ་གྱི་མི་ཁྲི1.27ལ་གེགས་བར་ཕྲད་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས20ཉིན་གྱི་ཆུ་ཚོད15པའི་བར། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་དུ་དྲག་ཆར་གྱི་གནོད་འཚེ་ལས་ཝུན་ཁྲོན་རྫོང་དང་། ལི་རྫོང་། མའོ་རྫོང་། ཟུང་འཕན་རྫོང་། ཝོ་ལུང་དམིགས་བསལ་ཁུལ་བཅས་ཤང་གྲོང11གི་མི1.27ལ་གེགས་བར་ཕྲད་ནས་མི4རྐྱེན་ལམ་དུ་ཤོར་བ་རེད།

  ཚེས20ཉིན་གྱི་ཆུ་ཚོད15པའི་བར། ཝུན་ཁྲོན་རྫོང་གིས་གེགས་བར་བྱུང་བའི་མང་ཚོགས་དང་ཡུལ་སྐོར་བ་ཁྲི3ལྷག་ཙམ་སྔ་སྣུར་དུ་གནས་སྤོ་བྱས་ཡོད། མིག་སྔར་ཚོད་དཔག་རགས་ཙམ་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་ཡུལ་སྐོར་བ་ཁྲི1.3ལྷག་ཙམ(ཝོ་ལུང་གྲོང་རྡལ་དང་ཀུན་དར་གྲོང་རྡལ་ཚུད་མེད)གྱི་བདེ་འཇགས་གནས་སྤོའི་ལས་དོན་སྔར་བཞིན་སྒྲུབ་ཀྱི་ཡོད། རྫོང་ཡོངས་ཀྱི་མི4རྐྱེན་ལམ་དུ་ཤོར་བ་དང་མི11འབྲེལ་ཐག་ཆད་པ། ཡུལ་སྐོར་བ་ཉུང་ཤས་ལ་གནས་སྤོ་སྐབས་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་པ། འབྲེལ་ཡོད་མི་སྣའི་ཆ་འཕྲིན་ཞིབ་དཔྱད་བྱེད་སྒང་ཡིན་པ་རེད།

  ཆུ་ཚོད15དང་སྐར་མ30པའི་བར། ཝོ་ལུང་དམིགས་བསལ་ཁུལ་ཁོངས་གཏོགས་ཀྱི་ཀུན་དར་དང་ཝོ་ལུང་ཤང་གྲོང་གཉིས་སུ་རིམ་རྩིས་བྱས་ན་ཉེན་གྱར་ཡུལ་སྐོར་བ་ཁྲི1.2ལྷག་ཙམ་ཡོད་པ་དང་། ཀུན་དར་གྲོང་རྡལ་གྱི་འཕྲིན་གཏོང་ཆད་པས་སྲུང་སྐར་ཁ་པར་བརྒྱུད་ནས་འབྲེལ་གཏུག་བྱེད་དགོས་ཀྱི་ཡོད། ལུང་ཐན་གློག་འདོན་ས་ཚིགས་ཡར་ཕྱོགས་ཀྱི་ལུང་ཤུར་དུ་མི60ལྷག་ཙམ་ཉེན་ཁར་གྱར་བ་དང་མི7འབྲེལ་ཐག་ཆད་པ་དང་མི2ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད།

  མིག་སྔར་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་མེ་ཟོན་རོགས་སྐྱོབ་ཀྱི་མི129དང་། ནགས་ཚལ་གྱི་མེ་ཟོན་མི38 འཕྲིན་གཏོང་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གི་མི་58བཅས་སྐོང་འཐེན་བྱས་ནས་འཕྲིན་གཏོང་ཡོ་བྱད་ཁྱེར་ཏེ་གེགས་ཁུལ་དུ་ཉེན་སེལ་རོགས་སྐྱོར་ལས་དོན་སྒྲུབ་ཏུ་མངགས་པ་རེད་། ཨན་ནེང་ཚོགས་པ་དང་། གསུམ་གཅིག་ལྕི་བའི་བཟོ་ལས། ཧྭ་ཕིང་ཆ་འཕྲིན་ལག་རྩལ། ཅིའུ་ཡོན་འཕྲལ་སྡོམ་སྒྲིག་བཀོད་སོགས་ཀྱི་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཉེན་སེལ་རོགས་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་པ་རེད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།