བོད་ལྗོངས་ཨེ་ཛིའི་ནད་ཡམས་འགོག་བཅོས་མཐུན་ཚོགས་དབུ་བརྙེས་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་4ཚེས་11ཉིན་བོད་ལྗོངས་ཨེ་ཛིའི་ནད་ཡམས་འགོག་བཅོས་མཐུན་ཚོགས་དངོས་སུ་ལྷ་སར་དབུ་བརྙེས་པ་རེད།

བོད་ལྗོངས་ཨེ་འགོག་མཐུན་ཚོགས་དབུ་བརྙེས་པའི་ཚོགས་ཆེན།

དེའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་ལེའུ་གསར་པ་གཏོད་རྒྱུ་དམིགས་ཡུལ་དུ་བྱས་པའི་ཞི་མཐུན་གྱི་བོད་ལྗོངས་དང་བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ཆེད་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་གསར་པ་ཞིག་སྐྱེ་བསྲེངས་བྱས་པ་མཚོན་ཡོད། མཐུན་ཚོགས་ཀྱི་འགན་འཁུར་བ་སྐལ་བཟང་ལགས་ཀྱིས་གསར་འགོད་པར། བོད་ལྗོངས་ཨེ་ཛིའི་ནད་ཡམས་མཐུན་ཚོགས་དེ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུད་གཉིས་ཀྱིས་མཐུས་མཆན་གནང་བ་བརྒྱུད་དངོས་སུ་དབུ་བརྙེས་པ་རེད། དེ་ནི་གོང་རིམ་གྱི་འབྲེལ་ཡོད་ཚན་པ་དང་དབུ་ཁྲིད་ཚོས་ཨེ་ཛིའི་དང་བླངས་ཚོ་ཆུང་གི་ལས་དོན་ཁག་ལ་གནང་བའི་ཚད་མཐོའི་གདེང་འཇོག་ཞིག་ཡིན་པས། ང་ཚོས་སླད་ཕྱིན་བོད་ཀྱི་འཕྲོད་བསྟེན་ཚན་པའི་ནད་ཡམས་འགོག་བཅོས་ཀྱི་འབྲེལ་ཡོད་ལས་དོན་ཁག་ལ་རམ་འདེགས་ཧུར་ཐག་བྱས་ནས་ཞི་མཐུན་གྱི་བོད་ལྗོངས་དང་བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ཆེད་སྔར་བས་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

འབྲེལ་ཡོད་དབུ་ཁྲིད་མི་སྣས་ཨེ་འགོག་མཐུན་ཚོགས་ཀྱི་སྒོ་བྱང་བསྩལ་བ།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཨེ་འགོག་མཐུན་ཚོགས་སུ་ཨེ་འགོག་དང་བླངས་པ་མི་གྲངས་56ཡོད་པ་དང་དེའི་ནང་ནས་དང་བླངས་པ་30ཙམ་འཕྲོད་བསྟེན་ཆེད་ལས་ལས་དོན་པ་ཡིན་ཞིང་། ཁོང་རྣམ་པས་མིག་སྔའི་བར་བོད་ལྗོངས་སུ་ཁྱོན་ཨེ་འགོག་གི་ཤེས་བྱ་དང་ཨེ་འགོག་བྱ་ཐབས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་གྲངས་ཆིག་སྟོང་ལྷག་སྤེལ་བ་དང་ཨེ་འགོག་ཤེས་བྱའི་དྲིལ་བསྒྲགས་ཁྱབ་ཚད་མི་གྲངས་ལྔ་འབུམ་ལ་ཉེ་བ་ཟིན་ཡོད་པ་རེད།

བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་ཚོགས་རྟགས།

བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་དང་བླངས་པ་ཉི་མ་ཚེ་རིང་གིས། ང་ཚོའི་ཨེ་འགོག་མཐུན་ཚོགས་ཀྱི་ཁོངས་མི་ཚང་མ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་སྤྲད་པ་ཤ་སྟག་ཡིན་པའི་ཁར་དེ་རིང་ཨེ་འགོག་མཐུན་ཚོགས་དངོས་སུ་དབུ་བརྙེས་པས། སླད་ཕྱིན་ཁྲིམས་མཐུན་གྱི་ཚོགས་པ་ཞིག་དང་ཆེད་ལས་རང་བཞིན་གྱི་ཨེ་འགོག་དང་བླངས་པ་ཞིག་གི་ངོས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་དང་། སློབ་གྲྭ སྡེ་ཁུལ། ཚན་པ་ཁག་སོགས་སུ་བསྐྱོད་ནས་མང་ཚོགས་ཀྱི་བདེ་ཐང་ཆེད་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་འགན་འཁུར་བས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ།

ཨེ་འགོག་མཐུན་ཚོགས་ཀྱི་དང་བླངས་པ་ཤེས་རབ་ཀྱིས། རང་ཉིད་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་ནས་ཨེ་འགོག་དང་བླངས་པའི་ནང་ཞུགས་པ་ཡིན་ལ། མ་ཟད་སློབ་ཆེན་ཐོན་ནས་ཀྱང་མུ་མཐུད་དེ་ཨེ་འགོག་དང་བླངས་པ་བྱེད་དང་བྱེད་མུས་ཡིན། གུས་པས་དེ་རིང་གི་གོ་སྐབས་དེ་དང་བསྟུན་ནས་རྒྱ་ཆེའི་གཞོན་སྐྱེས་ཚོས་གཙོ་བོར་བྱས་པའི་མང་ཚོགས་ཡོངས་ཀྱིས་བདེ་ཐང་ནི་ཀུན་གྱི་གཞི་མ་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ཆེ་བ་རྒྱལ་ཁབ་དང་མི་རིགས་ཀྱི་ཆགས་འཇིག་དང་། ཆུང་བ་ཁྱིམ་ཚང་གྱི་བདེ་སྐྱིད་དང་རང་ཉིད་ཀྱི་བདེ་ཐང་ཆེད་ནད་ཡམས་ཨེ་ཛི་དང་གཏན་བྲལ་བྱས་ཐོག་ནད་ངན་དེ་འགོག་བཅོས་ཀྱི་ཤེས་བྱ་རང་ཉིད་ཀྱི་ཤེས་པ་དང་གཞན་ལ་དྲིལ་བསྒྲགས་བྱེད་རོགས་གནང་ཞེས་འབུལ་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཚོགས་ཞུགས་དབུ་ཁྲིད་དང་ཨེ་འགོག་མཐུན་ཚོགས་ཀྱི་དང་བླངས་པ་སོགས་མཉམ་ཞུགས་དྲན་པར།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བསྟན་དབང་།