འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཁ་པར་གྱི་ལམ་ནས་ཤེས་གསལ་ལྟར་ན། འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས 《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 《རྟ་རྒྱུག་རྒྱལ་འཇོག》དང 《བྱང་བདུད་ཀླུ་བཙན》 《མི་ཉག་གསེར་རྫོང》 《ལྷོ་ཐན་སྲི་རྒྱལ་བོའི་བ་གཡང(སྟོད་ཆ)》 《བྱེ་རིའི་བྱུར་རྫོང(སྨད་ཆ)》བཅས་དཔེ་དེབ་ལྔ་ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན། མིག་སྔར། 《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ཀྱིས་བསྒྱུར་དེབ10པར་དུ་བསྐྲུན་ཡོད་པས། རྣམ་གྲངས་སྤྱིའི་གསུམ་ཆའི་གཅིག་ཟིན་ཡོད།

  《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། 2014ལོར། སྤྱིའི་མ་དངུལ་སྒོར་ཁྲི766བཏང་ནས། རྣམ་གྲངས་འདིས 《གེ་སར་གྱི་སྒྲུང་བ་བསམ་འགྲུབ་ཀྱི་སྒྲུང་དཔེ》 ཁག45ཡི་དེབ48གཞིར་བཟུང་སྟེ། པེ་ཅིན་དང་མཚོ་སྔོན། བོད་ལྗོངས་སོགས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང50ལྷག་རྩ་འཛུགས་བྱས་ཏེ་རྒྱ་ཡིག་ཏུ་བསྒྱུར། 2017ལོར། 《ལྷ་གླིང་གབ་ཙེ་དགུ་སྐོར》དང 《འདན་མའི་ནས་རྫོང》 《མོན་གླིང་གཡུལ་འབྱེད》སོགས་འདུ་བའི་ཡིག་སྒྱུར་དཔེ་དེབ་ཐོག་མ་ལྔ་ལེགས་གྲུབ་བྱུང་ནས་པར་སྐྲུན་བྱས།

  བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཚེ་རིང་ཕུན་ཚོགས་ཀྱིས་བཤད་རྒྱུར། ཚེ་འདས་སྒྲུང་བ་བསམ་འགྲུབ་ཀྱི་གཞས་མ་གཏམ་ནས་ལེགས་སྒྲིག་པར་སྐྲུན་བྱས་པའི 《གེ་སར་གྱི་སྒྲུང་བ་བསམ་འགྲུབ་ཀྱི་སྒྲུང་དཔེ》ནི་མིག་སྔར་རྒྱལ་ནང་གི་ཆེས་འཐུས་སྒོ་ཚང་ཤོས་ཀྱི་སྒྲུང་གཏམ་ཡིན། བོད་ཀྱི་དཔེ་དེབ་རྒྱ་ཡིག་ཏུ་བསྒྱུར་བའི་ལས་དོན་ཆེ་གྲས་འདིས་ཀློག་པ་པོ་དེ་བས་མང་བོས 《གླིང་སྒྲུང》ལ་ཤེས་རྟོགས་དང་རྒྱུས་ལོན་བྱུང་ནས། མི་རིགས་རིག་གནས་གོང་སྤེལ་ལ་སྐུལ་འདེད་གཏོང་ཐུབ་ཅེས་བཤད།

  《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ལ་བསྡོམས་པས་བསྒྱུར་དེབ30ཡོད། པར་དུ་བསྐྲུན་པའི་དེབ10ཕུད། མིག་སྔར་དཔེ་དེབ6གི་ཡིག་སྒྱུར་ལས་ཀ་ལེགས་གྲུབ་བྱུང་བ་མ་ཟད། རིགས་གཅིག་མཁས་པའི་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཐོབ་སྟེ། དཔེ་སྐྲུན་ཁང་དུ་སྤྲད་ནས་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན། དེ་མིན་པའི་དཔེ་དེབ14སྔར་བཞིན་ཡིག་སྒྱུར་དང་ཞུ་དག་བྱེད་བཞིན་ཡོད།

  《གླིང་སྒྲུང》ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་མཚོན་པའི་རིག་གནས་ཀུན་བཏུས་ཀྱི་བརྩམས་ཆོས་ཤིག་ཡིན་པ་དང་། བོད་ཀྱི་གནའ་བོའི་ལྷ་སྒྲུང་དང་གཏམ་རྒྱུད། སྒྲུང་གཏམ། དམངས་གཞས། གཏམ་དཔེ་སོགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་སྟེང་ནས་ཐོན་ཞིང་འཕེལ་རྒྱུས་བྱུང་བ་ཡིན་པས། གནའ་བོའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གྲུབ་འབྲས་ཆེ་ཤོས་མཚོན་ཐུབ། 2019ལོར། 《གླིང་སྒྲུང》དེ་འཛམ་གླིང་གི་མངོན་མིན་རིག་གནས་ཀྱི་གྲས་སུ་བཅུག་པ་རེད།།

  རྩོམ་སྒྲིག་པ། ཀླུ་མོ་མཚོ།