བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན་སོགས་ས་ཆའི་མི་རིགས་ཁག་གི་མང་ཚོགས་ནས་ཐུན་མོང་ངང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུས་པ།
སྤེལ་བའི་དུས་ཚོད། : 2019-02-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༥ཉིན་ནི་ལུགས་རྙིང་ལོའི་ཚེས་གཅིག་ཡིན་ལ། བོད་ས་མོ་ཕག་ལོའི་ལོ་གསར་པའི་ཚེས་གཅིག་ཀྱང་ཡིན་པས། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཟི་ཁྲོན་སོགས་ས་ཆའི་མི་རིགས་ཁག་གི་མང་ཚོགས་ནས་ལྷན་འཛོམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་ལོ་གསར་པར་དགའ་སྟོན་རྟེན་འབྲེལ་ཞུས་ཡོད་པ་རེད།

བོད་ས་མོ་ཕག་ལོའི་ལོ་གསར་ལ་བསུ་བ་ཞུ་ཆེད་དུ་བོད་ལྗོངས་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་རྔ་པ་གླིང་ཁ་སྡེ་ཁུལ་གྱི་སྒོ་རའི་ནང་དུ་དར་མཚོན་སྣ་ལྔ་ལྷབ་ལྷུབ་ཏུ་གཡོ་བ་དང་གླུ་ལེན་གར་འཁྲབ་ཀྱིས་འཁྲུག་ཆ་དོད་པོ་ཡོད་པ་རེད། མི་རིགས་ཁག་གི་མང་ཚོགས་ནས་དགའ་སྤྲོ་མཉམ་འཛོམས་བྱས་ཏེ་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་ཕྱེ་མར་བཞེས་པ་དང་མཆོད་ཆང་བསྟེགས་ནས་ཕན་ཚུན་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རེས་གནང་བཞིན་ཡོད་པ་རེད། གྲོང་མི་བཀྲ་ཤིས་ཟླ་བ་ལགས་ཀྱིས། ང་ཚོས་རྒྱ་རིགས་བློ་མཐུན་ལ་མཆོད་ཆང་བསྟེགས་པ་དང་ཁོ་ཚོས་ང་ཚོར་ཁ་བཏགས་སྒྲོན་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེ་བྱུང་ཞེས་གསུངས་པ་རེད།

འདས་ཟིན་པའི་ལོ་གཅིག་གི་ནང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་གཏོང་སྤྲོད་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་བརྒྱ་ཆ་༡༠ཡན་འཕར་ནས་སྒོ་གསུམ་ཁྲི་ལས་བརྒལ་ཡོད་པ་རེད། རྔ་པ་གླིང་ཁའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཀྲུའུ་ཀང་ཤིན་གྱིས་དགྱེས་མཚོར་ཆེན་པོའི་སྒོ་ནས། ང་ཚོས་དེ་རིང་དགའ་དགའ་སྤྲོ་སྤྲོའི་ངང་ལྷན་འཛོམས་ཀྱིས་ལོ་གསར་གཏོང་བ་དེའི་ཐོག་ནས་ཚང་མས་ཐོབ་པར་ལས་སླ་པོ་མིན་པའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་འཛིན་བྱེད་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུ་འགོ་ཁུངས་གྲོང་སྡེའི་གྲོང་མི་རྣམས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་བརྒྱན་ནས་ལོ་གསར་པར་བསུ་བ་ཞུས་ཡོད་པ་རེད། སྤྱི་ལོ་༢༠༠༤ལོར་འབྲི་ཆུའི་འགོ་ཁུངས་གྲོང་སྡེའི་འབྲོག་པ་༤༠༠ལྷག་ན་གོར་མོ་གྲོང་ཁྱེར་དུ་གནས་སྤོས་གཏན་སྡོད་བྱས་པ་རེད། ལོ་ངོ་བཅོ་ལྔའི་རིང་འབྲི་ཆུའི་འགོ་ཁུངས་གྲོང་སྡེའི་ཡོང་འབབ་ལོ་རེ་བཞིན་ལྡབ་འཕར་བྱུང་ཡོད། སྤྱི་ལོ་༢༠༡༨ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་༢༥༠༠༠ཟིན་པ་དང་། གནས་སྤོ་མ་བྱས་གོང་དང་བསྡུར་ན་ལྡབ་བཅུ་འཕར་ཡོད་པ་རེད། ད་ལོའི་བོད་ས་མོ་ཕག་ལོའི་ལོ་གསར་རིང་ས་གནས་དེ་གར་ཕྱི་ཕྱོགས་སུ་ཡུལ་སྐོར་ལ་ཕེབས་ནས་ལོ་གསར་སྐྱེལ་བའི་རྣམ་པ་གསར་པ་ཞིག་ཐོན་ཡོད། གྲོང་མི་ནོར་བུ་བསམ་གྲུབ་ཀྱིས་རྟེན་འབྲེལ་བྱེད་སྒོ་མཇུག་སྒྲིལ་རྗེས་ནང་མི་འཁྲིད་དེ་ཕྱི་ཕྱོགས་སུ་ཡུལ་སྐོར་ལ་ཕེབས་ནས་དཔྱིད་གསར་དུས་ཆེན་གཏོང་བརྩི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།