བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ནས་དགའ་སྤྲོའི་ངང་དཔྱིད་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་ལ་བསུ་བ་ཞུས་པ།
སྤེལ་བའི་དུས་ཚོད། : 2019-02-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་གསར་བཀྲིས་བདེ་ལེགས། སྤྱི་ཚེས་༤ཉིན་གྱི་ཞོགས་པ་སྔ་པོ་ནས། ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་སྐྱིད་ཟུར་གྲོང་ཚོའི་ཙུའུ་དང་པོའི་ལོ་60ལ་སླེབས་པའི་རྨོ་བོ་ཚེ་རིང་མཚོ་ཞོགས་ཇ་བཏུང་ཟིན་རྗེས། ཁོང་གིས་དཀོན་མཆོག་ཚལ་ཉོ་བར་འགྲོ་རྒྱུ་དང་བཀྲ་ཤིས་ང་དང་མཉམ་དུ་ལོ་གསར་གྱི་སྡེར་ཁ་སྒྲིག་དགོས་ཞེས་ནང་མི་ཚོར་གནམ་གང་གི་ལས་བགོས་རྒྱག་འགོ་ཚུགས་ཡོད།

སྤྱི་ཚེས་༤ཉིན། བོད་ཀྱི་ལོ་གསར་གྱི་གནམ་གང་དང་ལུགས་རྙིང་ལོའི་ལོ་གསར་གྱི་གནམ་གང་ཉིན་གཅིག་ལ་འཁེལ་ཡོད། ཉིན་དེར། གནའ་གྲོང་ལྷ་ས་ནས་ནག་ཆུ་དང་། མངའ་རིས་བར་དང་། དེ་ནས་ཆབ་མདོ་བར། དགའ་སྤྲོའི་ངང་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་གངས་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོ་སྔར་བཞིན་བྲེལ་འཚུབ་ངང་ལོ་གསར་གོང་གི་མཐའ་མཇུག་གི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

མཛེས་ཤིང་སྤུས་ཁ་ལེགས་པའི་ཆ་སྒམ་མདུན་དུ། རྨོ་བོ་ཚེ་རིང་མཚོས། སྲོལ་རྒྱུན་གྱི་ལོ་གསར་གྱི་སྡེར་ཁ་སྒྲིག་པ་ནི་གནམ་གང་ཉིན་མོའི་ནང་དོན་གལ་ཆེ་ཤོས་ཞིག་ཡིན་ཞེས་ཤོད་ཀྱི་ཡོད་པ་དང་། ཁོང་གིས་མཛུམ་མདངས་དང་བསྟུན་ནས་ཆ་སྒམ་ལ་འཛུབ་མོ་བཙུགས་ཏེ། ཁྱེད་རང་གཟིགས་དང་ཕྱེ་མར་གྱིས་ལོ་ལེགས་ཡོང་བ་མཚོན་པ་དང་། ཛ་བཟོའི་ལུགས་འགོ་དེས་ཕྱུགས་རིགས་དར་བ་མཚོན་གྱི་ཡོད། ལོ་ཕུད་ཀྱིས་ལོ་རྗེས་མར་ལོ་ལེགས་ཡོང་བ་མཚོན་གྱི་ཡོད། ལོ་གསར་པའི་ནང་ང་ཚོའི་འཚོ་བ་དེ་བས་ཕྱུག་པོ་དང་མཛེས་སྡུག་ལྡན་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་ཤོད་ཀྱི་ཡོད་པ་རེད།

ལྷ་ས་དང་བར་ཐག་སྤྱི་ལེ་1000ཡོད་པའི་བོད་བྱང་གི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་5000ཟིན་པའི་མཚོ་གཉིས་རྫོང་དཀར་མཚོ་ཤང་དུ། ཁང་པའི་ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་15བར་ཆག་ཡོད་ཅིང་། གྲང་ངར་ཆེ་བའི་རླུང་བུ་ལྡང་བཞིན་ཡོད། དུས་ཆེན་ལ་ལས་གནས་ཐོག་ལས་རེས་བྱེད་བཞིན་པའི་ཤང་གི་ལས་བྱེད་པ་ཚོ་ལྕགས་ཐབ་ལ་མཐའ་སྐོར་ནས་གནམ་གང་དགོང་མོའི་ཁ་ལག་གྲ་སྒྲིག་བྱེད་བཞིན་ཡོད།

ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སུན་ཁྲའོ་ཡིས། ཁ་སང་དགོང་མོ། ང་ཚོ་བོད་རིགས་དང་རྒྱ་རིགས་ལས་བྱེད་པ་ཚོས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་མཚན་ཚོགས་ལ་བལྟས་པ་དང་། དགུ་ཐུག་བཏུང་ཡོད། དེ་རིང་དགོང་མོ་ང་ཚོས་མཉམ་དུ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་མཉམ་སྤྲོའི་མཚན་ཚོགས་ལ་ལྟ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ལོ་གསར་པར་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་། གངས་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོ་བདེ་སྐྱིད་དང་བདེ་ཐང་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བོད་ཀྱི་ལོ་གསར་ནི་བོད་རིགས་མི་དམངས་ཚོའི་ལོ་གཅིག་ནང་ཆེས་ཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་རེད། བོད་ཟླ་༡པོའི་ཚེས་༡ཉིན་ནས་བཟུང་། བོད་རིགས་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་ཀྱི་དམངས་སྲོལ་བྱེད་སྒོ་སྤེལ་ནས། བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་གི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།