གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་དེ་རང་རྒྱལ་གྱི་རྩ་ཆེའི་སྲོག་ཆགས་ཆེ་གྲས་འདུས་པའི་ས་ཁུལ་དུ་གྱུར་པ།
སྤེལ་བའི་དུས་ཚོད། : 2019-01-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ལོ་༢༠༡༨ལོའི《གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས》ཞེས་པ་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ནང་། གཙང་གསུམ་འབྱུང་ཁུངས་ས་ཁུལ་གྱི་སྐྱེ་ཁམས་མུ་མཐུད་དུ་ལེགས་པའི་ཕྱོགས་སུ་སོང་བ་དང་བསྟུན། ས་གནས་དེ་གར་མིག་སྔར་ཁྱོན་བསྡོམས་གཅན་གཟན་རི་དྭགས་ཀྱི་རིགས་༦༢དང་། འདབ་ཆགས་ཀྱི་རིགས་༡༩༦བཅས་ལྟ་ཞིབ་ཚད་ལེན་བྱས་ཏེ། རང་རྒྱལ་མ་ཟད་འཛམ་གླིང་གི་ཁྱབ་ཁོངས་སུའང་ཧ་ཅང་ཉུང་བའི་རྩ་ཆེའི་སྲོག་ཆགས་ཆེ་གྲས་འདུས་པའི་ས་ཁུལ་གྱི་གྲས་སུ་ཚུད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་པའི་གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་དངོས་ཕུན་སུམ་ཚོགས་ཤིང་རི་སྐྱེས་སྲོག་ཆགས་ཀྱིས་ཁྱབ་ཡོད། སྤྱི་ལོ༢༠༡༦ལོར། གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གིས་རི་སྐྱེས་སྲོག་ཆགས་ཀྱི་རྩ་བའི་གནས་སྟངས་ཀྱི་བརྟག་དཔྱད་ལས་དོན་སྤེལ་འགོ་བཙུགས་པ་ཡིན་ལ། དཔེ་ཐིག་བརྟག་དཔྱད་དང་། ཐད་ཀར་རྩིས་ལེན། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས་དུས་མཉམ་དུ་བརྟག་དཔྱད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ས་གནས་དེ་གའི་སྐྱེ་དངོས་སྲོག་ཆགས་རིགས་ཀྱི་གྲངས་ཀ་དང་ཁྱབ་སའི་གནས་ཚུལ་རགས་ཙམ་ཤེས་རྟོགས་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་རྡོར།