2018ལོར་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་གསར་པ་ཐོབ་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

2019ལོའི་ལྗོངས་ཡོངས་ཀྱི“ཚོགས་འདུ་གཉིས”འཚོག་མཚམས་སུ། རང་ལྗོངས་ཀྱི་2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།

ལོ་འདིར་དབུལ་སྒྲོལ་འགག་སྒྲོལ་ཐད་གཏམ་བཟང་མང་པོ་གྲགས་ཤིང་། འདམ་གཞུང་དང་། སྐྱིད་གྲོང་། ལྷུན་གྲུབ་སོགས་རྫོང(ཆུས)25དབུལ་སྒྲོལ་ཞིབ་བཤེར་བརྒྱུད་རྫོང(ཆུས)དབུལ་པོ་ནས་སྒྲོལ་བའི་ཆ་རྐྱེན་འཛོམས་ཏེ་དངོས་སུ་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་2100དབུལ་པོ་ནས་སྒྲོལ་བ། མི་ཁྲི་18.1དབུལ་སྒྲོལ་ཐུབ་པ། དབུལ་པོར་འགྱུར་ཚད་6%མན་ཆག་པ་བཅས་རེད།

“རང་ལྗོངས་ཀྱི་ཁག་དང་པོའི་དབུལ་ཞྭ་ཕུད་པའི་རྫོང་དང་ཆུས་ལྔའི་གྲས་ཤིག་དང་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་ཞྭ་ཕུད་པའི་རྫོང་འབའ་ཞིག་ཡིན་པའི་གྲོ་མོ་རྫོང་2016ལོར་དབུལ་ཞྭ་ཕུད་རྗེས་དུས་ཐོག་ཏུ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་རྫོང་དང་ཤང་གི་དབུལ་སྒྲོལ་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་དང་གོང་མཐོར་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ《གྲོ་མོ་རྫོང་གི་དབུལ་སྒྲོལ་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་དང་གོང་མཐོར་གཏོང་བའི་ལག་བསྟར་ཇུས་གཞི》བཏོན་ནས་དབུལ་སྒྲོལ་གྲུབ་འབྲས་སྔར་བས་བརྟན་དུ་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད། 2018ལོར་གཞིས་རྩེ་གྲོང་ཁྱེར་གྱི་གྲོ་མོ་རྫོང་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་ནི་མིང་དོན་མཚུངས་པ་ཞིག་རེད”ཅེས་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས་གསུངས།

“ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་ཚུན། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་སྔ་རྗེས་སུ‘ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི’གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། ཞལ་འདེབས་དབུལ་སྐྱོར་སོགས་ཀྱི་དབུལ་སྐྱོར་བྱེད་ཐབས་མང་པོ་སྤྱད་ནས་གྲོང་ཚོ་དབུལ་པོ་24དང་དུད་ཚང་དབུལ་པོའི་མི་1300ལ་རོགས་སྐྱོར་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧན་ཡུས་ཀྱིས་གསུངས། ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིར་ཕུལ་བྱུང་གི་རོགས་སྐྱོར་གྲུབ་འབྲས་ཐོབ་པས“2018ལོའི་རྒྱལ་ཡོངས་ཀྱི‘ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི’གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་སྔོན་ཐོན་དམངས་གཉེར་ཁེ་ལས”ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

2018ལོར་རང་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས་མཉམ་དུ་འགག་སྒྲོལ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་དང་མཉམ་དུ་ལོ་3བསྟུད་མར་ཁ་གཏད་བོད་སྐྱོར་དབུལ་སྐྱོར་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཚོགས་འདུ་འཚོགས་ཏེ་རྣམ་གྲངས་སྤྱིའི་མ་དངུལ་སྒོར་དུང་ཕྱུར་80ཡི་གན་རྒྱ་བཞག་པ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་རྣམ་གྲངས་གལ་ཆེན་ལ་བརྟེན་ནས་མང་ཚོགས་དབུལ་པོ་ཁྲི་2.2ལས་ཞུགས་བྱས་པ་དང་མང་ཚོགས་དབུལ་པོ་ཁྲི་3.5དབུལ་སྒྲོལ་བྱེད་རོགས་བྱས་ཡོད།

རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། 2018ལོར་རང་ལྗོངས་ཀྱིས་རྣམ་གྲངས་མཛོད་འཛུགས་སྐྲུན་ཧུར་ཐག་བྱས་པར་མིག་སྔར་མཛོད་འཇུག་རྣམ་གྲངས་1070ཟིན་པ་དང་སྔོན་དཔག་མ་འཇོག་སྒོར་དུང་ཕྱུར་147ཟིན་རྒྱུ་ཡིན་པ་དང་། ལས་རིགས་ཁག་གི་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལེགས་སྒྲིག་དང་ཚད་ལྡན་དུ་བཏང་བ་དང་། རིགས་ཁག་གི་ཐོན་ཁུངས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་པས། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་ཡག་པོ་ཐུབ་ནས“གཅིག་འདུས་ཕན་འབྲས”རགས་ཙམ་མངོན་ཡོད། འགོ་འཛུགས་ས་གསར་པའི་ཐོག་ལེའུ་གསར་པ་རྩོམ་འགོ་ཚུགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག 2019ལོར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་གསར་པ་ལེན་རྒྱུ་རེད། སྐབས་དེར་གངས་ལྗོངས་ས་མཐོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྣམ་པ་འཁྲུག་པོ་ཞིག་མངོན་རྒྱུ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།