འདི་ལོ་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད་100%ཟིན་པ་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་བདེ་སྐྱིད་ཀྱིས་ངོ་སྤྲོད་བྱས་པར། 2019ལོར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་ས་གནས་དེ་གའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ“བདེ་ཐང་ལྷ་ས”འཛུགས་སྐྲུན་གྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་འགན་ལེན་དང་རྫོང་དང་ཤང་གི་གཞི་གཅིག་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་རྒྱུ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་སྨན་བཅོས་དོ་དམ་གྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་མཐོ་རུ་ཧུར་ཐག་བཏང་སྟེ་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་98%ཡན་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་གཙོ་གནད་ཀྱི་གཅོང་ནད་དང་འགོས་ནད་མིན་པའི་ནད་རིགས་ལ་གཞིགས་ནས་བདེ་ཐང་སློབ་གསོ་དང་ཉེན་ཁའི་རྒྱུ་རྐྱེན་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ནད་པའི་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འདུས་འདྲིལ་གཅོང་ནད་དང་གྲུམ་བུའི་ནད་ཀྱི་གྲལ་བཤེར་ལས་དོན་མུ་མཐུད་སྤེལ་ནས་གྲལ་བཤེར་བྱེད་པའི་མི་ཚོགས་ལ་གྲལ་བཤེར་བྱེད་ཚད་95%ཡན་ཟིན་པའི་འགན་ལེན་བྱེད་པ། ཐུམ་འབུའི་ནད་ཀྱི་སྐྱོབ་བཅོས་ལས་དོན་མུ་མཐུད་སྤེལ་ནས་ཁྲག་དྭངས་མར་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་གཞི་ཕོག་མཁན་ལ་སྐབས་བསྟུན་ཞིབ་བཤེར་བྱེད་པ། ནད་པར་སྨན་བཅོས་བྱེད་པའི་ཞབས་ཞུ་ལེགས་སུ་གཏོང་རྒྱུ། སྨན་བཅོས་ཞབས་ཞུའི་ལས་དོན་དུས་ཐོག་ཏུ་སྤེལ་རྒྱུ་བཅས་རེད།

2019ལོར་རིམ་གསུམ་སྨན་ཁང་གི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་བསྡུར་ཚད་རིམ་བཞིན་དམའ་རུ་བཏང་སྟེ་རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད་མཐོ་རུ་བཏང་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་ལམ་ལུགས་འཛུགས་སྐྱོང་གི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། རྫོང་རིམ་པའི་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་དམངས་སྨན་ཁང་དང་། གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་ནད་ཆེན་སྐྱོབ་བཅོས་བྱེད་ནུས་དང་ཆེད་ཚན་གྱི་ནད་བརྟག་སྨན་བཅོས་ནུས་པ་མཐོ་རུ་གཏོང་བ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་གཞི་རྩའི་སྨན་བཅོས་ཞབས་ཞུའི་ནུས་པ་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་ཞིང་འབྲོག་པའི་ཁྱིམ་ཚང་སྨན་པའི་གན་འཇོག་བྱེད་ཚད་100%དང་ཞབས་འདེགས་ཞུ་ཚད་95%ཡན་ཟིན་པ་བྱ་རྒྱུ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁྱིམ་ཚང་སྨན་པའི་གན་འཇོག་བྱེད་ཚད་100%དང་ཞབས་འདེགས་ཞུ་ཚད་100%ཟིན་པ་བྱས་ཏེ་སྡེ་ཁུལ་གྱི་དྲག་སྐྱེད་ལྟེ་གནས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མཁོ་ཆོད་སྨན་པ་40གསོ་སྐྱོང་བྱ་རྒྱུ་རེད། འཕྲོད་བསྟེན་འཆར་བཙའི་ཞབས་ཞུའི་ཐོན་ཁུངས་དང་ལས་སྒོ་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དྲ་ཐོག་ཏུ་བདག་སྤྲོད་དང་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བ་དང་གཅིག་འཐུས་རྣམ་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།