རང་རྒྱལ་མཁས་དབང་གིས་ཉ་དེའུ་གནའ་ཤུལ་ནས་དཔང་རྟགས་གསར་པ་རྙེད་པ།
སྤེལ་བའི་དུས་ཚོད། : 2018-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་ཁྲི་གསུམ་བཞིའི་གོང་ནས་འགྲོ་བ་མིའི་རིགས་མཚོ་བོད་ས་མཐོར་འཚོ་གནས་བྱེད་ཀྱི་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་འགྲོ་བ་མིའི་རིགས་ཞིབ་འཇུག་སུའོ་ཡི་ཀའོ་ཤིང་ཞིབ་འཇུག་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་མཉམ་ལས་བྱས་ཏེ་བརྟག་དཔྱད་དང་། སྔོག་འདོན། ཞིབ་འཇུག་བཅས་ལོ་མང་བྱས་པ་བརྒྱུད། བོད་བྱང་ཐང་ས་མཐོའི་ས་དབྱིབས་འགྱུར་མེད་པའི་ཁུལ་ཞིག་ནས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཏེ། ཉ་དེའུ་གནའ་ཤུལ་རྙེད་ཅིང་། དེ་ཐོག་ནས་གནའ་བོའི་འགྲོ་བ་མིའི་རིགས་ལོ་ཁྲི་གསུམ་བཞིའི་གོང་ནས་ས་བབ་མཐོ་བའི་མཚོ་བོད་ས་མཐོར་འཚོ་གནས་བྱེད་ཀྱི་ཡོད་པ་ར་སྤྲོད་ཐུབ་ཡོད།

“གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནས་བལྟས་ཚེ། དེའི་གོང་འགྲོ་བ་མིའི་རིགས་འཚོ་གནས་བྱེད་སའི་རྗེས་ཤུལ་མང་ཤོས་ཨན་ཏི་སི་ས་མཐོའི་Cuncaichaཡན་ཞ་གནའ་ཤུལ་ཡིན་པ་དང་། དེའི་ས་བབ་ལ་སྨི་4480ཡོད་ལ་ལོ་རབས་ལོ་ཁྲི་1.2ཙམ་གྱི་གོང་ཡིན”ཞེས་དཔྱད་རྩོམ་གྱི་རྩོམ་པ་པོ་ཐོག་མ་ཀྲང་ཞའོ་ལིང་གིས་ངོ་སྤྲོད་བྱས།

བོད་བྱང་ཐང་ས་མཐོར་གནས་པའི་ཉ་དེའུ་གནའ་ཤུལ་གྱི་ས་བབ་སྨི་4600ཡིན་ཞིང་། དེ་ནི་ས་ཁྱོན་ཤིན་ཏུ་ཆེ་བ་དང་། སའི་ཆགས་རིམ་སྔར་རྒྱུན་བཞིན་རང་སོར་གནས་པ། རྡོ་བཟོས་དངོས་རྫས་འདུས་མང་བ། རྡོ་ཆས་ལག་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ས་སྟོང་གནའ་ཤུལ་ཞིག་ཡིན་ལ། མིག་སྔའི་བར་མཚོ་བོད་ས་མཐོར་སྔ་ཤོས་དང་འཛམ་གླིང་གི་ཁྱབ་ཁོངས་སུ་མཐོ་ཤོས་ཀྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཞིག་ཀྱང་ཡིན་པ་རེད།

“མཚོ་བོད་ས་མཐོར་རླུང་ཟད་ཚབས་ཆེ་བས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ་གྱི་དཔང་རྟགས་སའི་ཕུང་གསོག་ལས་ཆ་ཚང་པོ་ཉར་ཚགས་ཐུབ་པར་དཀའ”“དེ་སྔོན་ས་མཐོའི་མཐའ་མཚམས་ཀྱི་མཚོ་སྔོན་ས་ཁུལ(ས་བབ་སྨི་3000ནས་3500བར)ནས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་དུས་མཇུག་ནས་རྡོ་ཆས་གསར་པའི་དུས་རབས་བར་གྱི་གནའ་ཤུལ་ཁག་གཅིག་རྙེད་མོད། འོན་ཀྱང་བོད་དུ་ས་ངོས་ནས་འཚོལ་བསྡུ་བྱས་པའི་རྡོ་བཟོས་དངོས་རྫས་མ་གཏོགས་མེད་པས་སའི་ཆགས་ཚུལ་གྱི་གཞི་འཛིན་ས་དང་ལོ་རབས་ཁ་གསལ་ཡོད་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རིག་གནས་ཀྱི་གནའ་ཤུལ་ཞིག་རྙེད་མེད། གསར་རྙེད་བྱུང་བའི་དངོས་དཔང་ཐར་ཐོར་དག་ས་རིམ་དང་ལོ་དཔྱད་ཀྱི་གྲངས་གཞི་གཏན་འཁེལ་མེད་པའི་དབང་གིས་རིག་གཞུང་ལས་རིགས་ཀྱིས་ཁས་ལེན་གྱི་མེད། ད་ཐེངས་རྙེད་པའི་ཉ་དེའུ་གནའ་ཤུལ་ལ་རྒྱུན་མཐུད་རང་བཞིན་གྱི་ས་རིམ་དང་ཡིད་ཆེས་རུང་བའི་ལོ་རབས་ཀྱི་གྲངས་གཞི་ཡོད་པས་དེའི་ནང་ཡོད་པའི་ཆ་འཕྲིན་དག་ཤིན་ཏུ་རྩ་ཆེན་ཡིན”ཞེས་དཔྱད་རྩོམ་གྱི་འཕྲིན་སྤེལ་རྩོམ་པ་པོ་ཀའོ་ཤིང་གིས་བཤད།

དཔྱད་རྩོམ་འདི་ཞིབ་དཔྱད་བྱེད་པའི་བརྒྱུད་རིམ་ནང་། རྩོམ་ཞུས་རིགས་གཅིག་མཁས་ཅན་གསུམ་གྱི་ཚད་མཐོའི་ཁས་ལེན་ཐོབ་ཡོད།

ཡོང་ཁུངས། མི་དམངས་དྲ་བ།