མྱུར་སྐྲུན་བྱེད་བཞིན་པའི་རྒྱལ་ལམ་318ཀྱི་འབྲི་ཆུའི་ལྕགས་སྒྲོམ་ཟམ་ཆེན་སྦྲེལ་མཐུད་ཐུབ་པ།
སྤེལ་བའི་དུས་ཚོད། : 2018-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་30ཉིན་གྱི་ཆུ་ཚོད་11ལྷག་ཙམ་ལ། དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པ་དང་གཉིས་པའི་དཔུང་རོགས་དཔོན་དམག་ཁག་གཅིག་གིས་ཉིན་མཚན་7འབད་འཐབ་བྱས་མཐར། མྱུར་སྐྲུན་བྱེད་བཞིན་པའི་རྒྱལ་ལམ་318ཀྱི་འབྲི་ཆུའི་ཟམ་ཆེན་དང་ངོགས་གཉིས་ཀྱི་ལྕགས་ཟམ་སྦྲེལ་མཐུད་ཐུབ་ནས་གོམ་སྟབས་རྗེས་མར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བཏིངས་ཡོད་པ་རེད།

ཟླ་11ཚེས་14ཉིན་གྱི་ཞོགས་པར། འབྲི་ཆུའི་པད་དགེའི་འཁྱིལ་མཚོ་གཤོང་སྐབས། ཟམ་ཆེན་དང་ཟམ་སྣེའི་ལམ་བུར་གཏོར་སྐྱོན་ཕོག་པ་རེད། གཏོར་སྐྱོན་ཕོག་རྗེས། དྲག་ཆས་དཔུང་སྡེའི་དཔོན་དམག་ཚོས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་རིགས་གཅིག་མཁས་ཅན་ཚོགས་པས་བཏོན་པའི་མྱུར་སྐྲུན་ཇུས་གཞི་ལྟར། ཟླ་11ཚེས་24ཉིན་ནས་བཟུང་མྱུར་སྐྲུན་བྱས་པ་རེད།

ཟླ་11ཚེས་25ཉིན་ལྕགས་ཟམ་གྱི་གདུང་མ་དང་པོ་བཀལ་བ་དང་། ཚེས་27ཉིན་བོད་ལྗོངས་ཕྱོགས་ཀྱིས་ལྕགས་ཟམ་གྱི་གདུང་མ་གཉིས་པ་བཀལ་བ། ཚེས་30ཉིན་གྱི་ཆུ་ཚོད་11ལ་ཕར་ཕྱོགས་ཀྱི་ཨར་རྒྱག་ཚན་པ་དང་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དཀྱིལ་གྱི་ཟམ་གདུང་མཐའ་མ་དེ་བཀལ་བ་རེད།

“ལས་དོན་སྒྲུབ་རིང་། དཔོན་དམག་ཚོས་མཐོ་གྲང་དང་གསོ་རླུང་དཀོན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། ཆུ་རྒྱུན་དྲག་པོ། ཟམ་སྟེང་གི་བར་སྣང་ལས་ཀ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཉིན་མཚན་བདུན་བསྟུད་མར་ཟམ་སྒྲོམ་གཙོ་བོའི་སྦྲེལ་མཐུད་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་རེད། གོམ་སྟབས་རྗེས་མར་ང་ཚོས་ཟམ་པ་བརྟན་དུ་བཏང་སྟེ་ཟམ་ངོས་སུ་སྒྲིག་ཆས་བསྒར་ནས་རྗེས་མཐུད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ཏེ་སྔ་ཙམ་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་ས་གནས་ས་ཐོག་གི་བཀོད་འདོམས་མྱུར་སྐྲུན་ལས་དོན་གྱི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་ཉིང་ལག་རུ་དཔོན་ཁྲེན་ཅུན་གྱིས་བཤད།

ཡོང་ཁུངས། མི་དམངས་དྲ་བ།