མཚོ་སྐྱོར་འབུམ་རམས་པས་བརྩེ་སེམས་ཟབ་མོས་ས་མཐོའི་བདེ་ཐང་ལས་ལ་གཞོལ།
སྤེལ་བའི་དུས་ཚོད། : 2018-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ། ཧོ་ཚུང་དང་། ཅང་ཧྥུང་།

“ན་ལོན་རྗེས། ང་རང་ཡང་སྨན་པ་ཞིག་བྱེད་ཀྱི་ཡིན”

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་པའི་ལོ་13ལ་སླེབས་པའི་ཕག་མོ་ཆོས་སྐྱིད་ནད་གཞི་དྲག་སྐྱེད་བྱུང་སྟེ་ཕ་ཡུལ་ལ་ལོག་ཁར་ལྷད་མེད་ཀྱི་བསམ་ཚུལ་དེ་ལྟར་བཤད། ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་སྨན་པ་ཚོ་དགའ་བས་མྱོས་ཤིང་། ཁོང་ཚོའི་ཁྲོད་ཀྱི་ལི་ཆིང་གོ་ཡང་མངོན་གསལ་དེ་ཙམ་མེད་པའི་བློ་བདེའི་གད་མོ་ཞིག་ཤོར།

ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་མཚོ་སྐྱོར་འབུམ་རམས་པའི་ཚོགས་པ་ཁག་བཅོ་བརྒྱད་པའི་ཁོངས་མིའི་གྲས་ཡིན་པའི་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་འབུམ་རམས་པ་ལི་ཆིང་གོས“གཅེས་སེམས་མཚོ་སྔོན་ལ་འཆང་བའི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་བཏོན། འདི་ལོའི་ཟླ་གསུམ་པར་སྨན་ཁང་དེའི་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་དེ་ས་བབ་མཐོ་ཚད་སྨི་གསུམ་སྟོང་ལྷག་ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྫོང་སྨན་ཁང་མང་པོར་བསྐྱོད་དེ། ལྷན་སྐྱེས་སྙིང་ནད་ཕོག་འདྲ་བའི་བྱིས་པ་200ལྷག་ལ་སྔ་རྗེས་སུ་བརྟག་དཔྱད་བྱས་ནས་བྱིས་པ་40ལ་ལྷན་སྐྱེས་སྙིང་ནད་ཡོད་པ་གཏན་འཁེལ་བྱས། ད་ཆ་བྱིས་པ་དེ་དག་ཚང་མ་ནན་ཅིང་དུ་རིན་མེད་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

2017ལོའི་ལོ་མཇུག་ཏུ། ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་ཁག་བཅོ་བརྒྱད་པའི་མཚོ་སྐྱོར་འབུམ་རམས་པ་ཉེར་དགུ་ཡིས་ལས་འགན་བློ་ལ་བཅངས་ནས་བརྩེ་བ་ཆེན་པོས་མཚོ་བོད་ས་མཐོར་བསྐྱོད་པའི་ཁྲོད་མི་15ནི་པེ་ཅིང་དང་། ཧྲང་ཧའེ། ཧོ་པེ། ཅང་སུའུ། ཀོང་ཏུང་སོགས་ས་ཁུལ་ཁག་གི་གསོ་རིག་འབུམ་རམས་པ་དང་ན་གཞོན་རིགས་གཅིག་མཁས་ཅན་རེད།

“ལྷན་སྐྱེས་སྙིང་ནད་ལ་མཚོན་ན། བོད་རིགས་ས་ཁུལ་ནི་ས་བབ་མཐོ་ལ་གསོ་རླུང་དཀོན་པས། བྱིས་པ་དང་དམར་འབྱར་ལ་ནད་དེ་རིགས་ཕོག་ཚད་མཚོ་འགྲམ་ས་ཁུལ་ལས་ལྡབ་གཉིས་ཀྱིས་མཐོ་བ་ཡོད། སྨན་བཅོས་ཀྱི་ཆ་རྐྱེན་དེ་ཙམ་འཛོམས་པོ་མེད་པར་བརྟེན་མཚོ་སྔོན་ལ་མཚོན་ན་བཅོས་དཀའ་བའི་ནད་དུ་གྱུར་མོད། ཡིན་ནའང་ང་ཚོས་རྒྱུན་གཏན་གྱི་ནད་གཞིར་བརྩིས་ནས་སྨན་བཅོས་བྱེད་ཐབས་བྱང་ཆུབ་པ་ཡོད”ཅེས་ལི་ཆིང་གོས“གཅེས་སེམས་མཚོ་སྔོན་ལ་འཆང་བའི་བྱ་སྤྱོད”སྤེལ་བའི་ཐོག་མའི་བསམ་ཚུལ་གསར་འགོད་པར་བཤད་པ་དང་། ཁོང་གིས“ད་རེས་ང་ཚོ་མཚོ་སྐྱོར་འབུམ་རམས་པ་ཚོགས་པས་བདེ་ཐང་ལ་ཞབས་འདེགས་ཞུས་ནས་ས་མཐོར་གཅེས་སེམས་སྦྱིན་པའི‘བརྗོད་དོན་གཙོ་བོ’ཡང་དེ་ཡིན”ཞེས་བཤད།

མངགས་གཏོགས་ཚན་པས་མི་སྣ་ཧྲག་འདེམས་བྱས་པ་དང་། དང་ལེན་ཚན་པས་མི་སྣ་བབ་དང་བསྟུན་ནས་བེད་ཡག་པོ་སྤྱད་ཡོད། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་ཀྲུང་ལུགས་སྡེ་ཁག་གི་སྒོ་བསྟེན་ཁང་དུ་སྐྱོད་སྐབས། བྱམས་བརྩེའི་རྣམ་འགྱུར་སྟོན་ཞིང་གཤིས་སྤྱོད་བཟང་བའི་སྨན་པ་འབུམ་རམས་པ་ཞིག་གིས་ལོ་86ལ་སླེབས་པའི་ནད་པ་ཞིག་ལ་རྩ་ལྟ་བཞིན་འདུག ཁོང་ནི་ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་ནས་ཡོང་བ་དང་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་ལ་གནས་སྦྱར་ཡོན་ཀྲང་གཞོན་པའི་གོ་གནས་འཁུར་བའི་འབུམ་རམས་པ་ཀྲོའུ་དབྱིན་རེད། མཚོ་སྔོན་ལ་སླེབས་རྗེས། ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་མ་བུ་བདེ་སྲུང་སྨན་ཁང་གི་འགོ་ཁྲིད་ཚན་ཁག་དང་མཉམ་ལས་ཧུར་ཐག་བྱས་ནས་དུས་ཐུང་ནང་དང་ལེན་ཚན་པར་ཀྲུང་ལུགས་ཀྱི་གསོ་རིག་སྡེ་ཁག་འཛུགས་རོགས་བྱས་པ་མ་ཟད། རང་ཉིད་ཀྱིས་ཀྲུང་ལུགས་གསོ་རིག་སྡེ་ཁག་གི་ཀྲུའུ་རེན་བྱས་ནས་ད་བར་སྒོ་བསྟེན་སྨན་ཁང་དུ་ནད་པ་མི་ཐེངས་1400ལ་ནད་བརྟག་སྨན་བཅོས་བྱས་ཡོད་པ་རེད། “འབུམ་རམས་པ་ཀྲོའུ་དབྱིན་གྱིས་ད་དུང་ཀོང་ཀྲོའུ་ཡི་ཀྲུང་ལུགས་ཀྱི་སྦྱར་སྨན་བཟོ་སྟངས་ཀྱི་འདུ་ཤེས་མཚོ་སྔོན་གྱི་ས་གནས་སྨན་རྒྱུ་དང་ཟུང་འབྲེལ་བྱས་ནས་ཡུལ་དེ་གའི་ནད་པའི་གཅོང་ནད་ལ་ཕན་པའི་ཀྲུང་ལུགས་ཀྱི་སྦྱར་སྨན་སྣེ་ཁ་མང་པོ་བཟོས་ཏེ་མི་ཐེངས་400ལྷག་ལ་སྤྲད་པར་ནད་པའི་གདེང་འཇོག་བཟང་པོ་ཐོབ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་ཝང་ཧྲའུ་ལེའི་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

ནང་དུ་གདན་དྲངས་ལ་ཕྱིར་ཡང་བསྐྱོད་དེ་ཉ་སྟེར་བ་ཙམ་མ་ཟད་འཛིན་སྟངས་ཀྱང་བསླབས་པ། ཧྲན་ཏུང་གི་ཞིང་ཆེན་སྨན་ཁང་གི་འབུམ་རམས་པ་ལི་ཆའོ་ཡིས་གསོ་སྦྱོང་མཁན་དང་འབྲེལ་གཏུག་མཁན་གཅིག་ལྕོགས་བྱས་ནས་མཚོ་སྔོན་གྱི་རྒྱ་གྲམ་དམར་རྟགས་ཚོགས་པའི་སྨན་ཁང་གི་བྲང་སྙིང་ཕྱི་བཅོས་སྡེ་ཁག་དང་། སྒྲ་རླབས་བརྟག་དཔྱད་སྡེ་ཁག སྦྲིད་སྨན་སྡེ་ཁག་སོགས་ཀྱི་འབྲེལ་ཡོད་ཚོགས་པ་སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཧྲན་ཏུང་ཞིང་ཆེན་སྨན་ཁང་དང་སྤེལ་རེས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་སྨན་བཅོས་ལག་རྩལ་མཐོ་རུ་བཏང་ཞིང་། “འབུམ་རམས་པ་གནས་སྦྱར་ལེགས་གྲུབ་ཟིན་ནས་དེ་སྔའི་ཚན་པར་ལོག་རྗེས་བསྒྲུབ་རྒྱུའི་ལས་དོན་དང་ལག་རྩལ་གྱི་རྒྱུན་ཆད་པ་དང་ཡང་ན་འབུམ་རམས་པ་ཁག་གཅིག་ཆེད་ལས་མི་འདྲ་བའི་རྐྱེན་གྱིས་མུ་མཐུད་སྦྲེལ་མཐུད་དཀའ་བ་སོགས་ཀྱི་གནད་དོན”ཐད། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབུམ་རམས་པ་ཧྲེ་ཕུའུ་ཏུང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པར་གནས་སྦྱར་བྱས་པ་ནས་བཟུང་། ནད་གཞི་ཁག་དགུར་རྨ་ཆུང་གཤགས་བཅོས་ཀྱི་ལག་རྩལ་སྤྱད་ནས་མཚོ་སྔོན་ཞིང་ཆེན་གྱི་སྟོང་ཆ་བསབས་པ་མ་ཟད། བརྒྱུད་རོགས་ཁྲིད་གསུམ་གྱིས་དུས་ཐུང་ནང་དེ་གའི་ལག་རྩལ་རྐང་འཛིན་པ་5གསོ་སྐྱོང་བྱས་ཏེ་རང་ཚུགས་ངང་དཀའ་གནད་འབྲིང་ཙམ་གྱི་ཚིགས་ཆེན་ཆེ་ཤེལ་འོག་གི་རྨ་ཆུང་གཤགས་བཅོས་ཐུབ་སྟེ་རིགས་གཅིག་མཁས་པའི་ཚོགས་པ་ཞིག་བསྐྱངས་ཡོད།

ལོ་གཅིག་རིང་། མཚོ་སྐྱོར་འབུམ་རམས་པའི་ཚོགས་པ་ཁག་བཅོ་བརྒྱད་པའི་གསོ་རིག་འབུམ་རམས་པ་15ཡིས་གཤགས་བཅོས་དམར་ཁྲིད་ཐེངས་939བྱས་ཏེ་མཚོ་སྔོན་ཞིང་ཆེན་ཕྱི་ནད་ཁོང་ནད་ཀྱི་སྟོང་ཆ་72བསབས་པ་དང་། སྒོ་བསྟེན་ཁང་དུ་ནད་པ་མི་ཐེངས་4712ལ་ནད་གཞི་བརྟག་དཔྱད་བྱས་པ། རིག་ཚན་གསར་པ་3བཙུགས་པ་བཅས་བྱས་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།