འབྲི་ཆུའི་འཇོ་མདའ་དུམ་བུར་སླར་ཡང་རི་ཉིལ་བས་བོད་ཀྱིས་རིམ་པ་Ⅱཔའི་འཕྲལ་སྡོམ་བྱ་སྤྱོད་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་3ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་པད་དགེ་གྲོང་ཚོའི་ཁོངས་ཀྱི་འབྲི་ཆུའི་གཡས་ངོགས་སུ་སླར་ཡང་གཞི་ཁྱོན་ཆེན་པོའི་རི་ཉིལ་ནས། འབྲི་ཆུ་འགགས་ཏེ་འཁྱིལ་མཚོ་ཆགས་པ་དང་། ཚེས་4ཉིན་གྱི་ཆུ་ཚོད་13བར་ཆུ་ཁ་འཕར་ཚད་སྨི་15.53ཟིན་ཡོད་པ་རེད།

ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་དོན། འབྲི་ཆུའི་པད་དགེ་གྲོང་ཚོ་དུམ་བུར་འཁྱིལ་མཚོ་ཆགས་ནས་འབྲི་ཆུ་རྒྱུགས་མཚམས་ཆད་རྐྱེན་སྟོད་རྒྱུད་ཀྱི་ཆུ་ཁ་མུ་མཐུད་མཐོ་རུ་དང་ཆུ་གསོག་ཚད་མང་དུ་ཕྱིན་ནས་རགས་ཁ་ཤོར་བའི་ཉེན་ཁ་ཡོད་པས། བོད་ཀྱིས་འབྲི་ཆུའི་སྟོད་སྨད་རྒྱུད་ཀྱི་གནོད་འཚེ་ཐོན་སྲིད་པའི་ཁུལ་གྱི་མང་ཚོགས་8381སྤོ་སྒྱུར་བྱས་པ་དང་ཆབས་ཅིག རང་སྐྱོང་ལྗོངས་འབྲུབ་འགོག་གི་འཕྲལ་སྡོམ་རིམ་པ་Ⅳནས་Ⅱབར་མཐོ་རུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་དོ་དམ་པུའི་སྣེ་ཁྲིད་འོག་རང་བྱུང་ཐོན་ཁུངས་པུའུ་དང་། ཆུ་བེད་པུའུ། རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་ཚན་པ་ཞུགས་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་མིག་སྔར་གནོད་འཚེ་ཐོན་ཁུལ་དུ་སྐྱོད་བཞིན་ཡོད་པ་དང་། ཚོགས་ཆུང་དེས་ས་གནས་ལ་རི་ཉིལ་བའི་རྒྱུ་རྐྱེན་འཚོལ་བ་དང་། ཉེན་ཁ་དང་གནོད་འཚེའི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱས་ནས་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ཀྱི་བཀོད་སྒྲིག་ལས་དོན་སྒྲུབ་རོགས་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ས་དེ་དང་ཐག་ཉེ་བའི་བོད་ལྗོངས་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆབ་མདོ་ཉིང་ལག་རུ་ཁག་གིས་རོགས་སྐྱོབ་མི་སྣ་བསྡུས་ནས་བཀའ་སྒུག་བཞིན་ཡོད་པ་དང་། འཕྲིན་གཏོང་འགན་སྲུང་ཡན་ལག་རུ་ཁག་གིས་རོགས་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་རེད།