མེ་ཏོག་རྫོང་གི་དབུལ་གྲོལ་འགག་སྒྲོལ་ལས་ཀའི་ཐད་གྲུབ་འབྲས་ཆེན་པོ་ཐོབ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ ༢༠༡༦ ལོའི་ཚུན་དུ་མེ་ཏོག་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་ཇུས་འགོད་གནད་འཕིགས། ཤུགས་འདོན་གནད་འཕིགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་གནས་སྤོས་དབུལ་སྐྱོར། གནས་བསྒྱུར་ལས་ཞུགས། སྐྱེ་ཁམས་དབུལ་སྒྲོལ། སྲིད་ཇུས་ཐ་སྐྱོང་སོགས་གཙོ་གནད་བྱ་ཐབས་ལྔ་དོན་འཁྱོལ་གནད་འཕིགས་བྱས་པས་དབུལ་གྲོལ་འགག་སྒྲོལ་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། སྔ་ཕྱི་བསྡོམས་དུད་ཚང་ ༢༨༢ ཀྱི་མང་ཚོགས ༡༢༩༨ དབུལ་སྒྲོལ་ཐུབ་པ་དང་དབུལ་ཕོངས་གྲོང་ཚོ ༧ དབུལ་སྒྲོལ་བྱུང་ཞིང་། དབུལ་ཕོངས་ཆགས་ཚད་སྤྱི་ལོ ༢༠༡༦ ལོའི་ལོ་འགོའི་བརྒྱ་ཆ ༢༤.༤༧ ནས་ད་ལྟའི་བརྒྱ་ཆ ༡༣.༥ བར་ཆག་སྟེ། སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་ཚད་གཞི་ལོན་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།

མེ་ཏོག་རྫོང་གིས་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་དང་བསྟུན་ནས་དབུལ་སྐྱོར་གནད་འཕིགས་ཀྱི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཐད་ཤུགས་སྣོན་བརྒྱབ་ནས། ཇ་ལོ་དང་ཐབས་མང་མཉམ་བཟུང་གི་དབུལ་སྐྱོར་ཐོན་ལས་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་པ་རེད། སྤྱི་ལོ ༢༠༡༦ ལོ་ནས་ད་བར་ཁྱོན་ཇ་ལོ་འདེབས་འཛུགས་དང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་སོགས་སྤྱིའི་མ་འཇོག་སྒོར་དུང་ཕྱུར ༡.༧ ཟིན་པའི་དབུལ་སྐྱོར་ཐོན་ལས་ཀྱི་འདེགས་སྐྱོར་རྣམ་གྲངས ༣༣ ལག་བསྟར་བྱས་པ་དང་། ད་བར་རྣམ་གྲངས་ཉི་ཤུ་ལས་མཇུག་སྒྲིལ་ཞིང་མ་འཇོག་སྒོར་ཁྲི་ཚོ ༧༥༡༧ ལྷག་ཙམ་ལེགས་སྒྲུབ་ཟིན་པ་རེད།

སྤྱི་ལོ ༢༠༡༦ ལོའི་ཚུན་དུ་མེ་ཏོག་རྫོང་གིས་སྔ་ཕྱི་བསྡོམས་མ་དངུལ་སྒོར་ཁྲི་ཚོ ༣༤༣ ལྷག་ཙམ་བཏང་ནས། རིགས་ཁག་གི་ཞིང་འབྲོག་པའི་ལས་ཞུགས་སྐུལ་འདེད་བཏང་རྒྱུའི་ཐད་སྦྱོང་བརྡར་ཐེངས ༥༧ གཉེར་ཏེ། མི་ཐེངས ༢༡༢༩ སྦྱོང་བརྡར་སྤྲད་པའི་ནང་དབུལ་ཕོངས་མི་འབོར ༦༩༥ ཚུད་ཡོད། དཔྱིད་རླུང་བྱ་སྤྱོད་ཅེས་པར་བརྟེན་ནས་སྤེལ་རེས་སྟེགས་བུ་བཙུགས་ཏེ་ལས་རིགས་ངོ་སྤྲོད་དང་ལས་རིགས་མཛུབ་ཁྲིད་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་བདེ་བླག་ངང་གནས་བསྒྱུར་ལས་ཞུགས་ཐུབ་རྒྱུར་སྐུལ་སྤེལ་བཏང་པ་རེད། སྤྱི་ལོ ༢༠༡༦ ལོ་ནས་ད་བར་སྔ་ཕྱི་བསྡོམས་མི ༡༣༧༦ མཚམས་སྦྱོར་ལས་ཞུགས་ཐུབ་པ་དང་མི་ཐེངས ༦༥༤ གནས་བསྒྱུར་ལས་ཞུགས་ཐུབ་པ་རེད།

མེ་ཏོག་རྫོང་གིས་སྐྱེ་ཁམས་ལས་གནས་ཀྱི་དོ་དམ་འགན་འཁྲི་བཟོས་པ་དང་ལས་གནས་མི་སྣའི་འགན་སྒྲུབ་ལམ་སྲོལ་བཙུགས་ཏེ། གྲོང་ཚོ་དང་གྲོང་ལྷན་གྱི་སྐྱེ་ཁམས་ཁ་གསབ་དབུལ་སྒྲོལ་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་དང་ལས་གནས་འགན་སྒྲུབ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ལས་གནས་ཀྱི་འགན་འཁྲི་འདོན་སྤེལ་ཐུབ་པ་དང་ལས་ཀར་ཐོབ་ཆ་ཡོད་པ་བྱས་པ་རེད། སྤྱི་ལོ ༢༠༡༦ ལོའི་ཚུན་དུ་སྔ་ཕྱི་བསྡོམས་སྐྱེ་ཁམས་ཁ་གསབ་ལས་གནས ༦༡༢༠ བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་ལས་གནས་མ་དངུལ་སྒོར་ཁྲི་ཚོ ༡༨༣༦ སྤྲད་པ་རེད།།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།