ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་གྱིས་བརྟག་ཞིབ་ཚོཌ་ཆུང་སྒྲིག་འཛུཌ་གྱིས་བསོད་ནམས་དགའ་མགུ་ཆུ་བེད་ལྟེ་བའི་ལས་གྲྭའི་འཆར་འགོད་ཇུས་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་བསོད་ནམས་དགའ་མགུ་ཆུ་བེད་ལྟེ་བའི་ལས་གྲྭ་དང་ལྷ་གཞིས་རིམ་མཐོའི་གཞུང་ལམ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མགྱོཌ་མྱུར་བསྐྲུན་པ་དང་། ལྷ་ས་དང་ལྷོ་ཁ། གཞིས་རྩེ་གསུམ་གྱི་ལྟེ་བའི་དཔལ་འབྱོར་ཁུལ་འཛུགས་སྐྲུན། ལྗོངས་ཡོངས་ཀྱི་ས་བབ་མཐོ་བའི་ཡུལ་གཞན་དུ་གནས་སྤོས་དང་གཙང་བྱང་ཁུལ་གསར་འཛུགས་སྐྲུན་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་འབྲི་ཆུའི་རྩད་ཞིབ་ཐིག་ལེན་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གིས་བསོད་ནམས་དགའ་མགུ་ཆུ་བེད་ལྟེ་བའི་ལས་གྲྭས་ལྷ་གཞིས་རིམ་མཐོའི་གཞུང་ལམ་དང་ལྷ་ཉིང་ལྕགས་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་པར་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་དང་། འཆར་འགོད་ཇུས་འགོད་དེ་བས་ཚན་རིག་དང་མཐུན་པ་དང་། ལྗོངས་ཡོངས་ཀྱི་ས་བབ་མཐོ་བའི་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་དང་གཙང་བྱང་ཁུལ་གསར་ཀྱི་འབྲུབ་འགོག་ལས་དོན་གྱི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ནས་ལོ་50ནས་ལོ་100ལ་ཐེངས་གཅིག་འཕྲད་པའི་འབྲུབ་འགོག་གི་ཚད་གཞིར་གཞིགས་ནས་ཚད་གཞི་མཐོ་པོས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་འབྲུབ་འགོག་མ་ལག་འཆར་འགོད་བྱེད་དགོས་པའི་རེ་བ་བཏོན་ཡོད། ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་འཆར་འགོད་ཇུས་འགོད་ཁང་ཚད་ཡོད་ཀུང་སིས་སྲིན་བུ་རིའི་ས་བབ་མཐོ་བའི་ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་དང་ཡར་འབྲོག་གཡུ་མཚོའི་ཡུལ་སྐོར་གྱི་ཕུགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ནས་ལྷོ་ཁའི་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་དབར་འབྲེལ་མཐུད་བྱ་རྒྱུར་གཞོགས་འདེགས་བྱས་ཏེ་ཁ་རག་ཤང་དང་སྲིན་བུ་རིའི་ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་དང་ལྷ་གཞིས་རིམ་མཐོའི་གཞུང་ལམ་འབྲེལ་མཐུད་བྱ་རྒྱུར་བརྩོན་ལེན་གྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ལྷོ་ཁའི“མདུན་དུ་ཚད་ཤིང་ཡོད་པ་དང་རྗེས་ལ་རྗེས་འདེད་དམག་ཡོད་པའི”དུས་བབ་ཛ་དྲག་པོར་ངོས་འཛིན་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་བཙུགས་པའི་གོ་སྐབས་སྟངས་འཛིན་ཏན་ཏིག་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་དང་། གཙང་བྱང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས། G219སྣུར་སྲིང་ལམ་ཐིག མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་ཕྱོགས་བསྡུས་མདོང་ལམ་འཛུགས་སྐྲུན་སོགས་ལྷོ་ཁའི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ནང་འཇུག་རྒྱུའི་བརྩོན་ལེན་བྱས་ཏེ། དུས་ཀྱིས་མི་མི་སྒུག་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།