བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་ལོ་གཉིས་རིང་མི་ཁྲི་3.5དབུལ་སྒྲོལ་ཐུབ་པ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2016ལོ་དང་2017ལོར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་དུད་ཚང་8800ལྷག་གི་མི་ཁྲི་3.5ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད། མིག་སྔའི་བར་གྲོང་ཁྱེར་དེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་འབོར་ད་དུང་དུད་ཚང་ཁྲི་2.1གི་མི་ཁྲི་8.8ལྷག་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་ནི་ཀྲུང་གོའི་ཆ་སྙོམས་ས་བབ་མཐོ་ཤོས་དང་། རྒྱལ་ཁབ་ཀྱི་ས་རྒྱ་ཆེ་ཤོས། ས་ཁུལ་རིམ་པའི་གྲོང་ཁྱེར་འཛུགས་ཕྱི་ཤོས(2018ལོའི་ཟླ་བཞི་པར་དངོས་སུ་གྲོང་ཁྱེར་དུ་བསྒྱུར་བ)བཅས་རེད། དེང་སྐབས་ནག་ཆུར་ཤིན་ཏུ་དབུལ་བའི་རྫོང(ཆུས)10དང་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་80ཡོད་པ་དང་དབུལ་པོར་གྱུར་ཚད་19.56%ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་ད་བར་ནག་ཆུས་མ་དངུལ་སྒོར་དུང་ཕྱུར་71.62བཏང་ནས་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་387བསྐྲུན་ཡོད་པ་རེད། འདི་ལོའི་ཟླ་བདུན་པའི་ཟླ་མཇུག་བར་རྣམ་གྲངས་340ལས་འགོ་བཙུགས་པ་དང་རྣམ་གྲངས་81འཁོར་རྒྱུག་བྱས་པར་ཐད་ཀར་ཕན་པ་ཐོབ་མཁན་དུད་ཚང་དབུལ་པོ་ཁྲི་2.3ལྷག་ཟིན་གྱི་ཡོད་པ་རེད།

གཞན་ཡང་ནག་ཆུ་གྲོང་ཁྱེར་གྱིས་2016ལོ་ནས་2020ལོའི་བར་མ་དངུལ་སྒོར་དུང་ཕྱུར་30.2བཏང་ནས་དུད་ཚང་ཁྲི་1.2ལྷག་གི་མི་ཁྲི་5ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་བྱ་རྒྱུ་རེད། འདི་ལོའི་ཟླ་བདུན་པའི་ཟླ་མཇུག་བར་ཡུལ་གཞན་དུ་གནས་སྤོས་ཀྱི་རྣམ་གྲངས་ཚང་མ་ལས་འགོ་བཙུགས་ནས་དུད་ཚང་7000ལྷག་གི་མི་ཁྲི་2.8ལྷག་ཁང་པ་གསར་པའི་ནང་སྤོས་ཟིན་ཡོད།

ནག་ཆུ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་འགན་འཁུར་བས་གྲོང་ཁྱེར་དེའི་ཉི་མ་རྫོང་རོང་དམར་ཤང་ནི་བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་དཔེ་སྟོན་ཁུལ་ཐོག་མ་དེ་རེད། བོད་བྱང་ཐང་དུ་གནས་པའི་རོང་དམར་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཟིན་ནས་དེར་མིའི་རིགས་ཀྱི“དཀའ་ཚེགས་ཆེ་བའི་ཁུལ”ཞེས་གྲགས། འདི་ལོའི་ཟླ་དྲུག་པར་ཤང་དེའི་འབྲོག་པ་571སྤྱི་ལེ་ཆིག་སྟོང་ལྷག་ཙམ་གྱི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་སྤོས་པ་རེད། “སྟོད་ལུང་བདེ་ཆེན་ཆུས་ཀྱི་ས་བབ་བལྟོས་བཅས་ཀྱིས་དམའ་བས་གནམ་གཤིས་དྲོ་གྲང་སྙོམས་པ་མ་ཟད། ལྷ་ས་དང་དེ་བཞིན་ནག་ཆུའི་ས་ཁུལ་གཉིས་ཀྱི་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཏེ་གནས་སྤོས་འབྲོག་པ་ལས་ཞུགས་དང་། བུ་ཕྲུག་སློབ་གྲྭ་འགྲིམ་པ། སྨན་བཅོས་སོགས་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཡོད”ཅེས་བཤད་པ་རེད།

2016ལོ་ནས་ད་བར་ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་གསོ་སྦྱོང་གི་མ་དངུལ་སྒོར་ཁྲི་4500ལྷག་དོན་འཁྱོལ་བྱས་ཏེ་མི་ཁྲི་1.8ལྷག་ལས་ཞུགས་གཞན་སྒྱུར་བྱས་པ་རེད། དེ་དང་དུས་མཚུངས་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.68དོན་འཁྱོལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་ད་དུང་དམངས་འཚོའི་འགན་ལེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་དེ་བཞིན་སྤྱི་ཚོགས་ཀྱི་དབུལ་སྐྱོར་སོགས་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་དང་། གྲོང་ཁྱེར་ཡོངས་ཀྱིས་འདི་ལོར་མི་ཁྲི་4.8དབུལ་སྒྲོལ་ཐུབ་པ་དང་དབུལ་པོར་གྱུར་ཚད་9%ནང་ཚུན་དུ་ཆག་པ་བྱེད་རྩིས་ཡོད་པ་རེད།