བོད་ལྗོངས་ཉིང་ཁྲིར་ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་གླེང་སྟེགས་ཐོག་མ་གཉེར་བ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཙོ་གཉེར་དང་ཀྲུང་གོ་ཚད་ལྡན་ཅན་ཞིབ་འཇུག་ཁང་དང་བོད་ལྗོངས་སྤུས་ཚད་ལྟ་ཞིབ་ཅུས་ཀྱིས་གཉེར་འགན་འཁུར་བའི་ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་གླེང་སྟེགས་ཐོག་མ་བོད་ལྗོངས་ཉིང་ཁྲིར་གཉེར་བ་དང་། དེའི་ནང་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་དང་། ཕ་ཁི་སི་ཐན་གྱི་ཚན་རྩལ་པུའུ། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཚད་ལྡན་ཅན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ལས་རིགས་དང་ཁེ་ལས་ཁག་གི་འཐུས་མི་260ལྷག་ཙམ་གླེང་སྟེགས་སུ་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཚད་ལྡན་ཅན་གྱི་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་ལས་སྟེགས་བཏོད་པ་དང་ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། རང་རྒྱལ་གྱི་ཚད་ལྡན་གྱི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་རང་རྒྱལ་གྱི་ཐོན་རྫས་དང་། སྒྲིག་ཆས། ལག་རྩལ། ཞབས་ཞུ་བཅས“ཕྱིར་སྐྱོད་རྒྱུར”སྐུལ་ཁྲིད་བྱ་རྒྱུ་རེད།

“ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་ཐོན་ཁུངས་སྤྱི་འདོམས་དང་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་8ཀྱི་ཚད་གཞི་ཁག་ཁྲི་1.6ལྷག་ཙམ་བསྡུ་རུབ་དང་ལེགས་སྒྲིག་བྱས་ནས། བོད་ལྗོངས་ལ་གཞི་ཚུགས་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པ། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཚད་ལྡན་ཅན་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་མཉམ་ལས་འབྲེལ་བ་ཞིག་འཛུགས་རྒྱུ་ཡིན”ཞེས་ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི(ལྷ་ས)ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་དབང་ཆེན་གྱིས་བཤད།

བོད་ལྗོངས་ནི་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། “བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”དང་། “ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་མཉམ་ལས་ཁུལ”གྱི་འགག་རྩའི་མཚམས་ཚིགས་ཤིག་ཡིན། ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ཐོན་རྫས་དང་ཀྲུང་གོའི་ཚད་གཞི“ཕྱིར་སྐྱོད་རྒྱུར”ལག་རྩལ་ཐད་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཏེ། བོད་ཀྱི་ཞབས་ཞུ་ཨེ་ཤེ་ཡ་ལྷོ་མའི་ཚད་གཞི་དང་མཉམ་འདྲེས་བྱས་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།