“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”ཁག་དང་པོ་སྤྲད་པ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ནུབ་མཚོ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་ཤར་ཡན་ལག་ཅུས་བརྒྱད་གཅིག་ལམ་མངགས་གཏོང་ཁང་གིས“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”གཉེར་རྒྱུའི་རེ་འདུན་ཞུ་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མི་ཧོང་ལགས་དང་ཁོང་གི་བཟའ་ཟླ་ཁྲེན་ལགས་ལ་ཞིང་ཆེན་ཡོངས་ཀྱི“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”ཁག་དང་པོ་དེ་སྤྲད་པ་རེད།

ཟླ་9ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར་རེ་འདུན་དང་སྤྲོད་པའི་བྱ་ཐབས》དངོས་སུ་ལག་ལེན་བསྟར་ཞིང་། ཟླ་9ཚེས་2ཉིན་མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཀང་ཨའེ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར་གྱི་ལས་སྒོ་བདག་སྤྲོད་བྱ་ཡུལ་ཁག་དང་པོ་10ཡོངས་བསྒྲགས་བྱས་རྗེས་བརྒྱད་གཅིག་ལམ་མངགས་གཏོང་ཁང་དུ་ཤང་ཀང་གི་གྲོང་མི་ཧོང་ལགས་དང་ཁོང་གི་བཟའ་ཟླ་ཁྲེན་ལགས་གཉིས་ཀྱི“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”གཉེར་བའི་དཔྱད་གཞིའི་ཡིག་རིགས་འབྱོར་བ་རེད། ཞིབ་དཔྱད་བྱས་པ་བརྒྱུད། བརྒྱད་གཅིག་ལམ་མངགས་གཏོང་ཁང་གི་ཐེམ་ཐོ་བཟོ་མཁན་མི་དམངས་ཉེན་རྟོག་པས་ཟླ་9ཚེས་10ཉིན་གྱི་ཕྱི་དྲོ་ཤང་ཀང་གི་གྲོང་མི་ཧོང་ལགས་དང་ཁོང་གི་བཟའ་ཟླ་ཁྲེན་ལགས་ལ“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”ཁག་དང་པོ་དེ་ཡིན་པ་རེད།

བརྒྱད་གཅིག་ལམ་མངགས་གཏོང་ཁང་གི་ཐེམ་ཐོ་བཟོ་མཁན་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། རེ་འདུན་གྱི་ཆ་རྐྱེན་འཛོམས་པའི་ཀང་ཨའོ་ཐའེ་ཡི་གྲོང་མིས་གོ་ཆོད་ལག་ཁྱེར་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་འཁྱེར་ཏེ་ཡོངས་བསྒྲགས་བྱས་པའི་བདག་སྤྲོད་བྱ་ཡུལ་ཁག་དང་པོ་10རུ་གཉེར་ཆོག་པ་དང་ལག་ཁྱེར་གཉེར་བའི་དུས་ཡུན་ལས་ཀའི་ཉིན་མོ་20ལས་ཡོལ་ཆོག་གི་མེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་གྲོང་མི་ཧོང་ལགས་དང་ཁོང་གི་བཟའ་ཟླ་ཁྲེན་ལགས་ལ“ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར”རག་རྗེས་ཁོང་གཉིས་ལ་མཚོ་སྔོན་ཞིང་ཆེན་དུ་ངལ་རྩོལ་ལས་ཞུགས་དང་། སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པ། ཁྲིམས་ལྟར་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ལེན་དང་བེད་སྤྱོད་བཅས་ཀྱི་དབང་ཆ་3དང་། འོས་འགན་སློབ་གསོ་དང་། ལས་ཞུགས། འཕྲོད་བསྟེན། རིག་གནས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་6 དེ་བཞིན་རྒྱལ་ནང་གི་གནམ་གྲུ་དང་མེ་འཁོར་སོགས་འགྲིམ་འགྲུལ་འཕྲུལ་ཆས་ལ་ཞུགས་པ་དང་། འགྲུལ་ཁང་ལ་ཞག་སྡོད། འབྲེལ་ཡོད་ཀྱི་དངུལ་རྩའི་ལས་སྒོ་གཉེར་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་གཉེར་བ། འཕྲུལ་སྒུལ་འཁོར་རིགས་གཏོང་ཆོག་པའི་ལག་ཁྱེར་རེ་ཞུ། ལས་རིགས་ཀྱི་ཐོབ་ཐང་ཞིབ་དཔྱད་ལ་ཞུགས་པ་སོགས་ཀྱི་སྟབས་བདེ་ཁག་9བཅས་ལོངས་སུ་སྤྱོད་ཆོག་གི་ཡོད།