མཚོ་སྔོན་དུ་གཙོ་གནད་ལས་གནས་ཀྱི་ལས་བྱེད་པ་369ཡི་ལས་གནས་བརྗེ་རེས་ཐུབ་པ།
སྤེལ་བའི་དུས་ཚོད། : 2018-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་གསལ། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་རིམ་པ་དབྱེ་ཞིང་གཞི་ཁྱོན་ཆེ་ལ་གཅིག་སྡུད་ཐོག་ལས་བྱེད་པ་བརྗེ་རེས་ཀྱི་ལས་དོན་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་གནས་ཀྱི་ལས་བྱེད་པ་369ལས་གནས་བརྗེ་རེས་བྱས་པ་རེད། འདི་ནི་མཚོ་ཤར་གྲོང་ཨུད་ཀྱིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ལས་བྱེད་པ་དུས་ཡུན་རིང་པོ་ས་ཆ་གཅིག་ཏུ་འགན་འཁུར་ཡུན་རིང་དྲགས་པས་སྲིད་གཙང་གི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། འགན་འཁྲི་འཁུར་མི་ཕོད་པ་དང་བྱ་སྤྱོད་སྤེལ་མི་ནུས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད་ལ། ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་དང་། ལས་བྱེད་པར་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རུལ་སུངས་མཆེད་རྒྱུ་སྔོན་འགོག་བྱེད་པ་བཅས་ཀྱི་གསར་གཏོད་ཀྱི་བྱ་ཐབས་ཤིག་ཀྱང་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཤར་གྲོང་ཁྱེར(ཆུས)གྱི་རིམ་པ་འདི་གའི་ཏང་སྲིད་ཚན་ཁག་ནང་ས་གནས་དེ་གར་འཚར་ལོངས་བྱུང་བའི་ལས་བྱེད་པ་ཅུང་མང་པོ་ཡོད་པ་དང་། རྫོང(ཆུས)གི་གཙོ་གནད་ཁོའོ་རིམ་པའི་ལས་གནས་ཀྱི“འགན་འཁྲི་འཁུར་མཁན་ཨང་དང་པོ”ཁག་གཅིག་གིས་ཐེམ་ཁུངས་ས་གནས་དེ་ག་ནས་ཡིན་པའི་ལས་བྱེད་པའི་བསྡུར་གྲངས་བཟུང་ཚད་95%ཡན་ཟིན་པ། གཙོ་གནད་སྡེ་ཚན་ཁག་གཅིག་གི་ནོར་དོན་མི་སྣས་དུས་ཡུན་རིང་པོའི་ནང་ལས་གནས་གཅིག་གི་ཐོག་གོ་གནས་ཁུར་བས་ལས་བྱེད་པར་རྙོག་འཛིང་ཆེ་བའི་འབྲེལ་བ་སྣ་ཚོགས་ཀྱི་འགལ་རྐྱེན་འཕྲད་པ་དང་། ལས་ཀ་བྱེད་མི་བདེ་བ། སྲིད་གཙང་ཉེན་ཁ་འཕྲད་མང་དུ་ཕྱིན་པ་སོགས་ཀྱི་གནད་དོན་འཕྲད་ཡོད་པ་རེད། གནད་དོན་དེ་རིགས་ལ་དམིགས་ནས་མཚོ་ཤར་གྲོང་ཨུད་ཀྱིས་ས་ཁུལ་མང་པོ་དང་ལས་གནས་མང་པོའི་ཐོག་ལས་བྱེད་པར་སྦྱོང་བརྡར་བྱས་ནས་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་སྲིད་གཙང་ཉེན་ཁ་སྔོན་འགོག་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ་ནས་འགོ་བརྩམས་ཏེ《རྫོང་དང་ཆུས། ཁྲུའུ་རིམ་པའི་ལས་བྱེད་པ་དང་གཙོ་གནད་ཁོའོ་རིམ་པའི་ལས་གནས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ནོར་དོན་མི་སྣ་བརྗེ་རེས་ཀྱི་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ་འཚར་ལོངས་བྱུང་ཡུལ་དེ་གར་གོ་གནས་འཁུར་མཁན་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་རྫོང(ཆུས)གི་ཁོའོ་རིམ་པའི་གཙོ་གནད་ལས་གནས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་ས་ཁུལ་སྒྲོལ་བའི་ལེགས་སྒྲིག་བརྗེ་རེས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད་ལ། གྲོང་ཁྱེར་དང་རྫོང(ཆུས)གི་གཙོ་གནད་སྡེ་ཚན་གྱི་ནོར་དོན་མི་སྣའང་སྡེ་ཚན་དེ་གའི་ལས་གནས་བརྗེ་རེས་སམ་ཡང་ན་ས་ཁུལ་དེ་ག་དང་སྡེ་ཚན་སྒྲོལ་བའི་བརྗེ་རེས་བྱ་ཡུལ་དུ་བཅུག་ཡོད་པ་རེད།

མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་འདི་ལོ་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་46བརྗེ་རེས་བྱས་པ་དང་། དེའི་ནང་རྫོང(ཆུས)གི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ལས་བྱེད་པ་28ཡུལ་གཞན་དུ་ལས་འགན་འཁུར་བར་བརྗེ་རེས་བྱས་པས་རྫོང(ཆུས)གི་ཏང་སྲིད་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པ་ཡུལ་གཞན་དུ་ལས་འགན་ཁུར་བའི་བསྡུར་གྲངས་77%ཟིན་ཡོད་པ་རེད། དེ་དང་དུས་མཚུངས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ས་གནས་དེ་གར་འཚར་ལོངས་བྱུང་བའི་སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཞིང་འབྲོག་སོགས་སྡེ་ཚན་གྱི་རྫོང(ཆུས)གི་གཙོ་གནད་ཁོའོ་རིམ་པའི་ལས་གནས་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་12ཡུལ་གཞན་དུ་ལས་འགན་འཁུར་བར་བརྗེ་རེས་ཐུབ་ཡོད་པ་རེད། གྲོང་ཁྱེར་དང་རྫོང(ཆུས)གི་མི་སྤྱི་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་ལས་འགན་ཁུར་ནས་གྲོང་ཁྱེར་དང་རྫོང(ཆུས)གི་ཐད་གཏོགས་ཚན་པའི་ནོར་དོན་མི་སྣ་311ལས་གནས་བརྗེ་རེས་དང་སྡེ་ཚན་སྒྲོལ་བའི་བརྗེ་རེས་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་བྱེད་པ་བརྗེ་རེས་བྱེད་པའི་བརྒྱུད་རིམ་ནང་མཚོ་ཤར་གྲོང་ཨུད་ཀྱིས་རྫོང(ཆུས)ཨུད་ཀྱིས་གྲོས་འགོ་འདོན་པ་དང་། ལས་བྱེད་པས་རེ་འདུན་ཞུ་བ། རྩ་འཛུགས་སྡེ་ཚན་གྱིས་ཚན་ཁག་འཛུགས་སྐྱོང་གི་དགོས་མཁོ་གཞིར་བཟུང་སྤེལ་རེས་ཇུས་གཞི་འདོན་པ་བཅས་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད། རྩ་འཛུགས་སྡེ་ཚན་གྱིས་བརྗེ་རེས་བྱས་པའི་ལས་བྱེད་པ་རེ་རེ་དང་གླེང་མོལ་སྤེལ་རེས་བྱས་ནས་བསམ་བློའི་འཁྱེར་ཕྱོགས་ཤེས་རྟོགས་དང་། བསམ་བློའི་ལས་དོན་ལེགས་པར་བསྒྲུབས་ཡོད་པ་རེད། གྲོང་ཨུད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་བརྗེ་རེས་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་བྱས་ནས་ཁོང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་སྲོལ་ལ་སྣང་ཆེན། སྒྲིག་ལམ་ལ་སྣང་ཆེན། གྲོང་ཁྱེར་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། ལས་གནས་མང་པོར་སྦྱོང་བརྡར་ཐེབས་རྒྱུར་ཤུགས་སྣོན་རྒྱག་པ། བརྗེ་རེས་བྱས་པའི་ལས་བྱེད་པས་ལྷག་བསམ་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། བྱ་སྤྱོད་སྤེལ་བ་བཅས་ལ་སྐུལ་ལྕག་གཏོང་བ། བློ་རྒྱ་ཡངས་པོ་དང་བློ་ཁོག་ཆེན་པོས་ལས་ཀ་བྱེད་པ་བཅས་བྱས་ནས་ལས་ཀའི་ཁོར་ཡུག་གསར་པ་དང་ལས་གནས་གསར་པར་འགན་འཁྲི་འཁུར་སེམས་གསར་པ་དང་སྤྱོད་ཚུལ་གསར་པ་ཡོད་དགོས་པའི་བླང་བྱ་བཏོན་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།