ལྷ་སར་ཡང་བསྐྱར་རྒྱན་འགྱེད་མཁན་མི་ཉུང་བ་ཞིག་བཟུང་འདུག
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་སྟེགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་སེ་ར་ལམ་དུ་ཡོད་པའི་རྒྱན་འགྱེད་ཁང་ཞིག་དང་བཅིངས་གྲོལ་ནུབ་ལམ་ཡོད་པའི་རྒྱན་འགྱེད་ཁང་གཉིས་རྩད་ཆོད་བྱུང་བ་མ་ཟད། རྒྱན་འགྱེད་མཁན་༩ཙམ་བཟུང་ཡོད་པ་དང་། རྒྱན་དངུལ་སྒོར་༢༦༣༤༢ལྷག་གཞུང་བཞེས་བཏང་འདུག

  ད་ལོའི་སྤྱི་ཟླ་༡ཚེས་༢༩ཉིན། སྤྱི་བདེ་པུའུ་ཡིས་པེ་ཅིང་དུ་བརྙན་འཕྲིན་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གོམ་གང་མདུན་སྤོའི་ངང་རྒྱན་འགྱེད་པའི་ཁྲིམས་འགལ་བྱ་སྤྱོད་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་དང་། རིམ་ཁག་སྤྱི་བདེ་ལས་ཁུངས་ནས་རྒྱན་འགྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  རྒྱན་པོ་འགྱེད་མཁན་གྱིས་དུས་ཚོད་དང་སེམས་ཤུགས། ཡོང་སྒོ་ཚང་མ་རྒྱན་འགྱེད་པའི་ཅོག་ཙེའི་ཐོག་ཏུ་འཕེན་བཞིན་ཡོད་ཅིང་། རྒྱན་པོ་འགྱེད་པར་མགོ་འཁོར་བའི་རྐྱེན་གྱིས་རྒྱུ་ནོར་ཚར་བ་དང་ཁྱིམ་ཚང་མ་མཐུན་པ། བུ་ཕྲུག་ལ་ཕ་མའི་བྱམས་བརྩེ་མ་ཐོབ་པར་སེམས་ཁམས་ཡ་མ་བརླ་རུ་གྱུར་བ། ག་ས་གང་དུ་རྒྱན་འགྱེད་པའི་བུ་ལོན་ཆད་པས་ཁྱིམ་ཚང་ཡང་བཙོངས་པ་སོགས་བྱུང་ཡོད་པ་དང་། རྒྱན་དང་ཤོ་ལ་གཡེང་བའི་རྐྱེན་གྱིས་བྱ་བ་འཛོལ་ཞིང་། ལས་ཀ་དང་མི་སྒེར་གྱི་འཕེལ་རྒྱས་དང་མདུན་ལམ་ལ་ཤུགས་རྐྱེན་ཡང་ཐེབས་བཞིན་པས་དེ་དང་རིང་དང་གྱེས་དགོས་སོ།།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  རྩོམ་སྒྲིག་པ། བདེ་ལྷ་མོ།