བོད་ཕག་གསོས་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཕག་གཅིག་ལ་ཁེ་སྤོགས་སྒོར500ལྷག་ཡོད་ཅིང་། ད་ལྟ་ཚོང་རའི་ཐོག་རིམ་བཞིན་ཚོང་བྲིན་པོ་འགྱུར་བཞིན་ཡོད། གལ་སྲིད་ཡང་དུ་གཞི་ཁྱོན་རྒྱ་སྐྱེད་གཏོང་ཐུབ་ན་ཞིང་པའི་ཡོང་འབབ་ཀྱང་དེ་བས་མང་ཙམ་རག་ཐུབ་པར་བརྟེན།ཚང་མས་དེར་ཡིད་ཆེས་ཡོད་དགོས་ཞེས་ཉེ་ཆར་སྨྱུག་འཛིན་པས་ལི་ཐང་རྫོང་དགའ་བ་གྲོང་རྡལ་འཇམ་མདའ་གྲོང་སྡེའི་ཕག་གསོ་སའི་ཡུལ་དངོས་སུ་བཅར་འདྲི་བྱེད་སྐབས་གྲོང་སྡེའི་སྤྱི་ཁྱབ་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་འཕེལ་གྱིས་དགའ་སྤྲོའི་ངང་ནས་གྲོང་མིར་རང་ཉིད་ཀྱི་ཕྱུག་འགྱུར་མྱོང་ཚོར་ངོ་སྤྲོད་བྱེད་བཞིན་འདུག

  དམག་ཁུངས་ནས་ཕྱིར་ལོག་སྟེ་གྲོང་སྡེའི་སྤྱི་ཁྱབ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར་བཞིན་པའི་ཆོས་འཕེལ་གྱིས་ཟ་ཁང་གཉེར་མྱོང་ཞིང་ཅ་ལག་འབོར་འདྲེན་བྱས་མྱོང་བ་རེད། 2011ལོར་རང་གི་གསོག་དངུལ་ཡོད་ཚད་དང་དངུལ་བུན་གཡར་ནས་གྲོང་སྡེའི་ནང་བོད་ཕག་གསོ་འགོ་བཙུགས་པ་རེད། ཕག་གསོས་ནས་ལོ8ཀྱི་རིང་ལ་ཆོས་འཕེལ་ཕག་གསོ་སྟངས་ཅི་ཡང་མི་ཤེས་པ་ཞིག་ནས་ཕག་གསོ་མཁན་མཁས་པ་ཞིག་ཏུ་གྱུར་ཐུབ་པ་དང་། ཕྱུག་འགྱུར་མཁས་པ་ཞིག་ནས་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་འཛུགས་གཉེར་བྱེད་མཁན་དུ་པ་རེད། ཁོ་རང་ཏང་ནང་ཞུགས་ནས་ལོ་ངོ20ཙམ་ཡིན་ཞིང་། ཁོས་ཏང་ནང་ཞུགས་སྐབས་ཀྱི་དམ་བཅའ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁྲི་མི་བརྗེད་པ། གསོ་སྤེལ་བྱེད་མཁན་དུད་ཚང64སྣེ་ཁྲིད་ནས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བ་དང་སྐད་གྲགས་ཡོད་པའི་ཕག་གསོ་མཁན་མཁས་པ་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་དུ་གྱུར་པ་རེད།

  འཇམ་མདའ་གྲོང་སྡེ་ནི་སྔོན་ཆད་ཧ་ཅང་དབུལ་ཕོངས་ཀྱི་གྲོང་སྡེ་ཞིག་ཡིན། 2011ལོའི་སྤྱི་ཟླ11པར་ཆོས་འཕེལ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་ཐོན་བྱུང་། ལོ་དེར་ཆོས་འཕེལ་གྱིས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྒོར་ཁྲི50ལྷག་བཏང་ནས་བོད་ཕག་གསོ་སྤེལ་བྱེད་ས་ཞིག་གསར་འཛུགས་བྱས། དང་ཐོག་གི་ལོ་གཉིས་ཀྱི་རིང་ལ་ཁོས་ཕག70ལྷག་གསོས་ནས་ཡོང་སྒོ་དེ་ཙམ་ཆེན་པོ་མེད་པ་རེད།

  2014ལོར་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱིས་ཁྲིད་སྟོན་འོག ཆོས་འཕེལ་གྱིས་རི་འགོར་བོད་ཕག་དང་ཕག་རྒོད200ལྷག་མཉམ་དུ་གསོ་སྤེལ་བྱས་ཏེ་ཕག་རྒྱུད་ལེགས་བཅོས་བྱས་སྟབས།རིམ་བཞིན་ཡུལ་དེ་དང་ཐ་ན་རྫོང་ཡོངས་སུ་སྐད་གྲགས་ཁྱབ་པ་རེད།

  ཆོལ་འཕེལ་གྱིས་དཀའ་བ་ཁྱད་བསད་བྱས་ནས་ཕག་གསོ་སྟངས་ཀྱི་ལག་ཤེས་དང་ཚོང་གཉེར་བྱེད་སྟངས་ཀྱི་ཉམས་མྱོང་རིམ་བཞིན་ཁོང་དུ་ཆུད། ཁོ་རང་ད་དུང་གཡག་རྔ་དང་དར་མདོ་སོགས་ས་ཆ་མང་པོར་ཕྱིན་ནས་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་སློབ་སྦྱོང་བྱས། ཁོ་རང་གིས་སྣེ་ཁྲིད་ཧུར་ཐག་བྱས་འོག 2016ལོར་ལི་ཐང་རྫོང་འཇམ་མདའ་གྲོང་སྡེ་ལེ་ཨེར་ཐེང་བོད་ཕག་གསོ་སྤེལ་བྱེད་པའི་ཞིང་པའི་མཉམ་ལས་ཁང་བཙུགས་ཐུབ་པར་མ་ཟད། བོད་ཕག་ཤ་གཙོ་བོར་བྱས་པའི་ཟ་ཁང་དང་རང་འདེམས་ཚོང་ཁང་བཙུགས་ནས་ཡུལ་སྐོར་བར་མྱོང་རོལ་བྱེད་དུ་བཅུག་པ་དང་། འགྲུལ་པ་ཚོ་ཁྱིམ་དུ་ཕྱིར་ལོག་སྐབས་ད་དུང་ཐུམ་རྒྱག་པའི་བོད་ཕག་གི་བསྙལ་ཤ་ཉོས་ནས་ཁྱེར་འགྲོ་ཆོག་པ་རེད།

  ལོ་རེར་མཉམ་ལས་ཁང་གིས་ཕག་ཚན་པ་གསུམ་བཞི་བཤས་ཁོངས་སུ་བཏང་ཞིང་། ཚན་པ་རེར་ཕག5བཤས་ཁོངས་སུ་གཏོང་ཐུབ། གྲོན་དངུལ་སྣ་ཚོགས་ཕུད་རྗེས་ཕག་རེའི་ཐོག་ཁེ་སྤོགས་སྒོར4800རག་པས། ཚན་པ་རེར་ཕག5རེ་ཡོད་པའི་ཆ་ནས་བཤད་ན་ཁེ་སྤོགས་ཁྱོན་བསྡོམས་སྒོར24000ཡོད་པ་རེད། ལོ་རེར་མཉམ་ལས་ཁང་ལ་ཡོང་འབབ་སྒོར100000ཡས་མས་ཡོད། མིག་སྔར། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བོད་ཕག་གི་ཚོང་ལམ་ཡག་པོ་ཡིན་པས་མི་སེར་གྱི་ཡོང་འབབ་འཕར་བ་རེད། མཉམ་ལས་ཁང་དེ་ཐོག་མའི་དུད་ཚང5ནས་གྲོང་སྡེ་ཡོངས་ཀྱི་དུད་ཚང64ཡི་ཐོག་འཕར་སྣོན་བྱུང་ཡོད།མཉམ་ལས་ཁང་གིས་ལོ་རེར་གྲོང་སྡེའི་རིམ་པ་གཉིས་ཀྱི་ཨུ་ལྷན་ལ་སྒོར་ཁྲི5ཡར་སྤྲད་ནས། གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཅི་ཡང་མེད་པ་ནས་ད་ལྟར་སྒོར་ཁྲི5སྣོན་ཐུབ་པ་རེད། 2016ལོར་གྲོང་མིས་ལོ་རེར་ཆ་སྙོམས་ཀྱི་ཡོང་འབབ་སྔོན་མའི་སྒོར3100ནས་སྒོར3500ཡི་ཐོག་འཕར་ཐུབ་པར་མ་ཟད་དབུལ་ཕོངས་གྲོང་སྡེ་ནས་ཕྱིར་འཐེན་ཐུབ་ཡོད་པ་རེད།

  ད་ལྟ་ཆོས་འཕེལ་གྱིས་སྣེ་ཁྲིད་བྱས་འོག་གྲོང་མི་ཚོས་སྔོན་རྗེས་སུ་དུད་འབྲེལ་གཞུང་ལམ་དང་། མི་ཕྱུགས་འཐུང་ཆུའི་ཨར་ལས།དུད་ཚང64ལ་གཙང་སྦྲ་ཁང་དང་ཐབ་ཚང་།དུད་ཚང5ལ་སྡོད་ཁང་གསར་པ་བསྐྲུན་ཡོད།ཁོས་གྲོང་སྡེའི་བྱེད་སྒོ་ལྟེ་གནས་སྐྲུན་ཡས་སྒོར་ཁྲི3.5བཏང་ནས་གྲོང་སྡེའི་མང་ཚོགས་ལ་རོལ་རྩེད་བྱེད་ས་བསྐྲུན་ཡོད།ད་ལྟ་འཇམ་མདའ་གྲོང་སྡེའི་རྣམ་པ་འཕོ་འགྱུར་བཏང་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད།

  ཏང་ཡོན་ཞིག་དང་ཕྱུག་འགྱུར་གྱི་ལམ་སྣེ་ཁྲིད་མཁན་ཞིག་ཡིན་པའི་ཆ་ནས།རང་ཉིད་གཅིག་པུར་ཕྱུག་པོ་གྱུར་ན་ཕྱུག་པོ་མིན་ལ་གྲོང་སྡེ་ཡོངས་རྫོགས་ཕྱུག་པོར་གྱུར་ན་ད་གཟོད་རང་ཉིད་ཏང་ནང་ཞུགས་སྐབས་ཀྱི་ཐོག་མའི་བསམ་འདུན་དང་མི་འགལ་བ་རེད། ངས་ད་དུང་རང་ཉིད་ཀྱི་འགན་འཁྲི་ཡག་པོ་བསྒྲུབས་ནས་གྲོང་མི་ཚོ་དང་ཐུན་མོང་དུ་འཕེལ་རྒྱས་དང་ཕྱུག་འགྱུར་ཡོང་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་པའི་སྐད་ཆ་འདི་སྔོན་རྗེས་སུ་ཕུལ་བྱུང་གི་དམག་མི་དང་། ལི་ཐང་རྫོང་གི་ཕུལ་བྱུང་གུང་ཁྲན་ཏང་ཡོན།དཀར་མཛེས་ཁུལ་གྱི་ཕུལ་བྱུང་གི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱི་མཚན་སྙན་ཐོབ་མྱོང་བའི་ཆོས་འཕེལ་གྱིས་དེ་ལྟར་བཤད་པ་རེད།