ལྷ་སའི་དབུལ་གྲོལ་འགག་སྒྲོལ་ལས་ཀར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་དུས་ལྷ་ས་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་གྱི་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་བོད་ཀྱི་ཁག་དང་པོའི་དབུལ་གྲོལ་བྱུང་བའི་རྫོང(ཆུས)གི་གྲས་སུ་གྱུར་བ་དང་། སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་། མལ་གྲོ་གོང་དཀར་རྫོང་། སྟག་རྩེ་ཆུས། འདམ་གཞུང་རྫོང་། སྙེ་མོ་རྫོང་། ལྷུན་གྲུབ་རྫོང་བཅས་རང་སྐྱོང་ལྗོངས་ཀྱི་ཕྱོགས་གསུམ་པའི་ཚོད་སྐོར་བདེ་བླག་བྱུང་ནས་དབུལ་གྲོལ་གྱི་ཚད་གཞི་ལོན་ཞིང་། དབུལ་ཕོངས་ས་ཁུལ་གྱི་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་། སློབ་གསོ་དང་འཕྲོད་བསྟེན། རིག་གནས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

  དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་ལས་འགོ་བཙུགས་པའི་ཐོན་ལས་རྣམ་གྲངས220ཡོད་པའི་ནང་རྣམ་གྲངས151ལས་མཇུག་སྒྲིལ་ཟིན་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས37000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར17.8བཏང་ནས་གཅིག་སྡུད་བཀོད་སྒྲིག་བྱེད་གནས39འཛུགས་སྐྲུན་བྱེད་འགོ་བཙུགས་པའི་ནང་བཀོད་སྒྲིག་བྱེད་གནས37སྐྲུན་ཟིན་ནས་མི19000གནས་སྤོ་ཐུབ་ཡོད། ན་ནིང་ལོ་མཇུག་བར་ལྷ་ས་གྲོང་ཁྱེར་གྱི་དབུལ་ཕོངས་དུད་ཚང10000ལྷག་ཙམ་གྱི་མི43000ལྷག་ཙམ་དབུལ་གྲོལ་བྱུང་བ་དང་དབུལ་ཕོངས་གྲོང་ཚོ220དབུལ་གྲོལ་བྱུང་ཡོད།

  ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ནས་ཚོགས་འདུའི་ཐོག་ངོ་སྤྲོད་གནང་བར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཁྱད་ཆོས་ལྡན་པ་དང་ཁྲོམ་ར་ཡོད་པ། ཕན་འབྲས་ལྡན་པ་བཅས་ཀྱི་ཁྱད་ལྡན་ཐོན་ལས་ཁག་ཅིག་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་འཁོར་སྦྲེལ་རྒྱ་ཆེར་གཏོང་རྒྱུ་དང་རིན་ཐང་འཁོར་སྦྲེལ་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་ཐོན་ཁུངས་སྔོག་སྤེལ་གཏིང་ཟབ་བྱས་ཏེ། གཙོ་གནད་ཐོག་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་གཏོད་རྒྱུ་དང་དབུལ་ཕོངས་མང་ཚོགས་ཀྱིས་ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་བརྒྱུད། གྲོང་གསེབ་ཡུལ་སྐོར་གྱི་ཁྲོམ་ར་གཏོད་རྒྱུར་སྐུལ་སློང་བྱེད་རྒྱུ་དང་། ཀུང་སི་དང་རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་བོགས་ལེན། ལས་ཞུགས། མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་འགྲེམས། ནགས་གླིང་། ས་ཞིང་བརྒྱུད་བཤུག་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་དབུལ་ཕོངས་མང་ཚོགས་ཡུན་རིང་ངང་འབབ་འཕར་བརྟན་པོ་ཡོང་བའི་ཁེ་ཕན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་གཏོང་རྒྱུ་བཅས་རེད།

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།