​བོད་ལྗོངས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་འདེད་བཏང་།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དངུལ་གཅིག་བསྡུས་ཐོག་སྤྲོད་པའི་ས་གནས་ས་ཐོག་གི་བྱེད་སྒོ་རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རའི་ཐང་ཆེན་ཐོག་སྤེལ་ནས། ཁེ་ལས50དང་སློབ་ཆེན་སློབ་ཐོན་སློབ་མ16ལ་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དངུལ་སྤྲད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ས་གནས་ས་ཐོག་གི་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་སྒྲོན་གནང་བ་རེད།

  ཀྲོང་ཡན་ནས་སློབ་མ་ཚོས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དངུལ་རགས་པའི་སློབ་མ་མིག་དཔེར་འཛིན་ཏེ་ཁྲོམ་རར་བརྟེན་ནས་ལས་ཞུགས་བྱེད་པ་དང་། རང་བདག་ལས་གཏོད་བྱེད་པ། སྔོན་ལ་ལས་ཞུགས་ཐུབ་པ་དང་རྗེས་ལ་ལས་ཀ་འདེམས་པ། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐུབ་པ་བཅས་ཀྱི་ལྟ་བ་བཙུགས་ཐོག་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སུ་བྱ་གཞག་གཏོད་ནས། རྒྱ་ཆེའི་བའི་ཁྲོམ་རའི་ཁོར་ཡུག་ནང་རང་ཉིད་ཀྱི་བློ་རིག་ལེགས་སྐྱེས་སུ་ཕུལ་ཏེ་མི་ཚེའི་རིན་ཐང་མངོན་པ་བྱེད་རྒྱུ་དང་། ཁེ་ལས་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་མུ་མཐུད་ཡག་པོ་སྒྲུབ་ནས། སྤུས་ལེགས་ཀྱི་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་དང་སློབ་ཆེན་སློབ་ཐོན་སློབ་མ་ཁྲོམ་རར་བརྟེན་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ། ཁོང་ཚོ་ཁྲོམ་རའི་འགྲན་རྩོད་ནང་འབད་འབུངས་ཡར་བརྩོན་ཡོང་བ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

  ཀྲོང་ཡན་ནས་མི་དམངས་ལ་བདེ་སྐྱིད་ཡོང་ཐབས་བྱེད་རྒྱུ་ནི་རང་རེའི་ཏང་གི་འགྱུར་མེད་ཀྱི་ཀུན་སློང་དང་ལས་འགན་ཡིན་པས། ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་རྒྱ་ཆེའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་དང་། ཤུགས་ཚད་ཆེ་བ་དང་བྱ་ཐབས་ཏན་ཏིག ཐབས་ཤེས་ནུས་ལྡན་བཅས་ཀྱི་ཐོག་ནས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་སྟེ། སློབ་ཆེན་སློབ་ཐོན་སློབ་མ་སྤུས་ཚད་ལེགས་པའི་སྒོ་ནས་ལས་ཞུགས་ཐུབ་རྒྱུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས།།

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།