གཞིས་རྩེ་གྲོང་ཁྱེར་གྱིས་ཞོད་ཐན་འགོག་སེལ་གྱི་ལས་དོན་ཞིབ་ཚགས་སྤེལ།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་དུས་གཞིས་རྩེ་གྲོང་ཁྱེར་ཞོད་ཐན་འགོག་སེལ་ལས་དོན་གྱི་ཆེད་དོན་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཚུན་དུ་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་ཚན་པ་ཁག་གིས་བསམ་བློ་དང་སྒྲིག་འཛུགས། ལས་གཞི། མ་དངུལ། དངོས་ཟོག་སོགས་ཀྱི་གྲ་སྒྲིག་དང་དོན་འཁྱོལ་ལས་དོན་གང་ལེགས་སྒྲུབ་སྟེ་ཞོད་ཐན་འགོག་སེལ་གྱི་རང་འགུལ་དབང་ཆ་ཕྱོགས་ཡོངས་ནས་བཟུང་ཡོད།

  དེང་སྐབས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་ཞོད་ཐན་འགོག་སེལ་གྱི་གྲོན་དངུལ་སྒོར་ཁྲི་ཚོ818.38གཤམ་སྤྲོད་བྱས་ཏེ་ལྕགས་དྲ་དང་སྒྱེ་ཕད། ཁྲའེ་ཡའུ་སྣུམ་རང་འཐེན་འཕྲུལ་ཆས་སོགས་ཉོ་སྒྲུབ་བྱས་པ་དང་། རྫོང(ཆུས)ཁག་གིས་རིམ་པ་དེ་གའི་ནོར་སྲིད་ནས་ཞོད་ཐན་འགོག་སེལ་གྱི་དངོས་ཟོག་གྲབས་གསོག་དང་བབ་བསྟུན་ཉེན་སེལ་ཐད་མ་དངུལ་སྒོར་ཁྲི་ཚོ918བཏང་བ་དང་། རྫོང་དང་ཤང་། གྲོང་ཚོ་བཅས་ཚང་མས་ཞོད་ཐན་འགོག་སེལ་གྱི་འཕྲལ་སྒྲུབ་ཉེན་སེལ་དཔུང་ཁག་འཛུགས་པ་དང་། སྟོབས་ཆེར་བཏང་བ་དང་ཆབས་ཅིག་གྲོང་ཁྱེར་དེ་ཡོངས་ཀྱི་ཆུ་མཛོད་ཆེ་འབྲིང་ཆུང་གསུམ་བཅུར་སྲིད་འཛིན་འགན་འཁུར་བ་དང་ལག་རྩལ་འགན་ཁུར་བ། སྐོར་ཞིབ་འགན་ཁུར་བ་བཅས་ཁ་གསལ་བཟོས་པ་དང་། སྔོན་ཇུས་ཁག་བཟོ་བཅོས་འཐུས་ཚང་བྱས་པ་མ་ཟད་ཆར་ཆུ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་བཀོད་དང་ཆུ་མཛོད་བཀོད་གཏོང་བྱ་ཐབས། མང་ཚོགས་ཉེན་གཡོལ་བྱ་ཐབས་བཅས་ཀྱི་གཞི་རྩའི་བླང་བྱ་དོན་འཁྱོལ་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་འབྲུབ་ཆུ་རྒྱས་དུས་ཀྱི་ཆུ་མཛོད་བདེ་འཇགས་འགན་ལེན་བྱས་པ་རེད།

  ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ6པའི་ཚེས5ཉིན་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་ཉིན་མཚན་ལྟོས་མེད་ཀྱི་འབྲུབ་འགོག་སྡོད་བྱའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་མ་ཟད། ཉིན་རེའི་བདེ་འཇགས་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ནས་རྫོང(ཆུས)ཁག་གི་ཉིན་རེའི་ཆར་ཆུའི་གནས་ཚུལ་དང་ཆུ་རྒྱས་པའི་དུས་ཚོད་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་པ་རེད། །

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།