ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བོད་ཀྱི་དཔལ་འབྱོར་སྒུལ་ཤུགས་གསར་པར་གྱུར་པ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། གསར་འགོད་པར་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། གསར་སྤེལ་ཁུལ་འདི་ཉིད་བོད་ཀྱི་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། མིག་སྔའི་བར་གླིང་དེར་དངོས་གཞིའི་ཐོན་སྐྱེད་རྣམ་པའི་ཁེ་ལས་116དང་། ཁྲོམ་རར་ཞུགས་པའི་ཁེ་ལས་13 རྒྱལ་ནང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་12བཅས་ཡོད་པས་ཁེ་ལས་མང་དུ་འགྲོ་ཚད་49.4%ཟིན་གྱི་ཡོད།

2001ལོར། རྒྱལ་ཁབ་རིམ་པའི་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཙུགས་པ་དང་དེ་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་། སྟོབས་ཤུགས་ཆེ་ཤོས། ཐོན་ལས་ཕུན་སུམ་ཚོགས་ཤོས་བཅས་ཀྱི་བཟོ་ལས་གླིང་ཞིག་ཡིན་ཞིང་། 2017ལོར་བཟོ་ལས་གླིང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་71.6ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བ་དང་། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་29ཟིན་པ་དེ་དུས་མཚུངས་ལས་26%འཕར་བ། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་42.4ཟིན་པ་དེ་དུས་མཚུངས་ལས་84%འཕར་ནས་དཔལ་འབྱོར་གྱི་གྲངས་གཞི་ཁག་བརྟན་པོའི་ངང་འཕར་ཡོད་པ་རེད།

ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་དོན་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཧོང་ཧྥུའུ་ལུང་གིས་མིག་སྔར་བཟོ་ལས་གླིང་དུ“བོད་ལྗོངས་ནས་ཀྱི་སྦི་རག”དང་། “ཐན་ཡིའུ་ཏེ” “སྒྲོལ་མ་གཏེར་ཆུ” “ས་མཐོའི་གཅེས་ནོར” “བདུད་རྩི་རྟགས་ཅན་གྱི་བོད་སྨན”སོགས་ཟུར་སྣོན་རིན་ཐང་མཐོ་བ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་དེ་གའི་གྲགས་ཅན་སྤུས་རྟགས་40ལྷག་ཙམ་ཡོད་པ་དེ་དག་ལས་ས་གཙང་བདེ་ཐང་དང་། མཐོ་གསར་ལག་རྩལ། སྐྱེ་དངོས་གསོ་རིག ས་མཐོའི་ཁྱད་ལྡན་ཐོན་ལས་སོགས་གཙོ་བོར་བྱེད་པའི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གོམ་སྟབས་རྗེས་མར་གསར་སྤེལ་ཁུལ་གྱིས་ཐོན་ལས་འབྲེལ་མཐུད་ཀྱི་ལས་སྟེགས་དང་། ལག་རྩལ་སྤེལ་རེས་སྟེགས་བུ། ཤེས་ལྡན་མི་སྣའི་མཉམ་ལས་བགྲོད་ལམ། སྤུས་རྟགས་ཚོང་འགུགས་བྱ་ཡུལ། གསར་གཏོད་ལས་གཏོད་ལྟེ་གནས་བཅས་ཀྱི་ནུས་པ་ལྡན་པའི་ཕྱོགས་བསྡུས་གཞི་རྟེན་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ​ ཤིན་ཧྭ་གསར་འགྱུར་ཁང་།