བོད་མཚོ་བཟོ་ལས་གླིང་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་མཚོ་བཟོ་ལས་གླིང་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་འཚོགས་ཏེ་གླིང་ཁུལ་གྱི་ལས་དོན་སླར་ཡང་བཀོད་སྒྲིག་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། རྣམ་གྲངས་རེ་རེ་བཞིན་ལ་དམིགས་ནས་ལས་དོན་སྒྲུབ་པ། ལས་དོན་རེ་རེ་བཞིན་ལ་དམ་འཛིན་བྱས་ནས་སྒྲུབ་སྟེ་གླིང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅི་གོ་ཀང་དང་དབང་ཧའེ་ཀྲོའུ་བཅས་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཚད་མཐོའི་མཐོང་ཆེན་དང་ཐུན་མོང་གི་སྐུལ་འདེད་འོག་དང་ཕྱོགས་ཁག་གི་འབད་བརྩོན་ལྷོད་མེད་འོག་གླིང་ཁུལ་གྱི་གཅིག་སྡུད་ཕན་འབྲས་ཐོག་མར་ཐོན་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད། ལྷག་པར་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་བྱ་སྤྱོད་མྱུར་ལ་ནུས་ལྡན་ངང་སྤེལ་བས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་ཐེབས་པ་དང་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་ལས་འགན་ཁག་ལེགས་གྲུབ་ཅུང་ཡག་པོ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་འཕར་ཚད་མགྱོགས་པའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སྒྱུར་ཡོད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་འགྱུར་ལྡོག་གསར་པ་དང་། ཁྱད་ཆོས་གསར་པ།བླང་བྱ་གསར་པ་བཅས་ནས་འགོ་བཙུགས་ཏེ་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ངེས་གནས་ལ་བརྟེན་ཏེ་ལས་དོན་དོན་གཉེར་བྱེད་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ཧྲིལ་པོ་བརྩི་བཀུར་དང་ཞབས་འདེགས་ཞུ་བ། འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ། སྒུལ་ཤུགས་སྒྱུར་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་མཐོང་ཆེན་བྱས་ནས་ཕུགས་ལ་དམིགས་པ་དང་། གསར་གཏོད་གསར་འབྱེད་བྱེད་པ། ཏན་ཏན་ཏིག་ཏིག་བྱེད་པ། ཡུན་རིང་བྱས་རྗེས་འཇོག་པ་བཅས་བྱས་ཁར། ས་གནས་སྲིད་གཞུང་གི་བུ་ལོན་སྔོན་འགོག་དང་སེལ་གང་ཐུབ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་འཕོ་འགྱུར་དང་། ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ལས་ཁུངས་སྒྱུར་བཅོས་དང“གློད་སྡོམ་ཞབས་གསུམ”གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་སྲིད་གཞུང་གི་འགན་ནུས་མུ་མཐུད་སྒྱུར་བ་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་སྔོན་ཞིང་ཆེན་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་དང་རྒྱལ་ཁབ་པུའུ་ཨུད་ལ་སྙན་ཞུ་དང་འབྲེལ་མཐུད་ཡག་པོ་བྱེད་པ་དང་། རྒྱལ་ནང་གི་ཞིང་ཆེན་ལས་བརྒལ་བའི“ས་གྲོལ་དཔལ་འབྱོར”གླིང་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དམར་ཐིག་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། ས་ཆའི་སྲིད་ཇུས། ནོར་སྲིད་ཁྲལ་བསྡུ་སོགས་ཐད་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་། དེ་བཞིན་མཚོ་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་གཏན་ལ་ཕབ་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་། སྣོད་བཅུད་སྲུང་སྐྱོང་། སྲིད་ཇུས་ཀྱི་དམར་ཐིག་བཅས་བརྟན་པོར་སྲུང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།