ཤ་བོ་སྒྲོལ་མ་དང་མཱ་ཧྥུའུ་ཁྲང་། པད་རྒྱལ་བཀྲ་ཤིས་བཅས་འཐུས་མི་གསུམ་གྱིས་བོད་སྨན་གྱི་ཚད་ལྡན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་སྐོར་ནས་གྲོས་གཞི་བཏོན།
སྤེལ་བའི་དུས་ཚོད། : 2018-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།དཔལ་འབྱོར་དང་སྤྱི་ཚོགས་བར་མ་ཆད་པའི་ངང་འཕེལ་རྒྱས་བྱུང་བའི་འགྲོས་དང་བསྟུན་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་བདེ་སྐྱིད་འཚོལ་སྙེག་གི་འདུན་པའང་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད། མི་དམངས་མང་ཚོགས་ཀྱིས་བདེ་ཐང་ལ་བཟུང་བའི་བླང་བྱ་ཡང་བར་མ་ཆད་པའི་ངང་ནས་ཇེ་མཐོར་འགྲོ་བཞིན་ཡོད། བོད་སྨན་ལས་དོན་དང་བོད་སྨན་ཐོན་ལས་ལ་འཕེལ་རྒྱས་ཀྱི་སྟོབས་ཤུགས་དང་མཐོར་འདེགས་ཀྱི་བར་སྟོང་ཆེན་པོ་ཞིག་ཡོད་ནའང་། མིག་སྔར་རྒྱུ་སྤུས་དང་ཚད་ལྡན་མིན་པ་སོགས་རྐྱེན་གང་མང་ཞིག་གི་དབང་གིས། བོད་སྨན་དེང་རབས་ཅན་དུ་འཕེལ་བར་བཀག་འགོག་བྱེད་ཀྱིན་ཡོད་ཅིང་། དོན་དེའི་ཐད་ལ་མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མ་དང་མཱ་ཧྥུའུ་ཁྲང་། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་བོད་སྨན་གྱི་ཚད་ལྡན་མ་ལག་འཐུས་སྒོ་ཚང་བ་ཞིག་མགྱོགས་མྱུར་ངང་འཛུགས་དགོས་པའི་སྐོར་ནས་གྲོས་གཞི་བཏོན།

  གྲོས་གཞིའི་ནང་བཤད་རྒྱུར། མིག་སྔར། བོད་སྨན་མང་པོ་ཞིག་ལ་རྒྱལ་ཁབ་ཕྱི་ནང་གི་ཁས་ལེན་དང་དང་ལེན་བྱེད་རུང་བའི་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་ཞན་པར་མ་ཟད། ཚད་ལྡན་འཛུགས་སྐྲུན་སྐོར་ནས་ཀྱང་ད་དུང་ཐོག་མའི་དུས་རིམ་ན་གནས་སྟབས། གནད་དོན་དེ་གཉིས་ནི་བོད་སྨན་ཐོན་ལས་དེང་རབས་ཅན་དུ་འཕེལ་བའི་འགོག་རྐྱེན་གཙོ་བོར་གྱུར་ཡོད་ཟེར།

  བོད་སྨན་གྱི་ཚད་ལྡན་ཚད་གཞི་མཐོར་འདེགས་གཏོང་བའི་གོ་རིམ་ཁྲོད་དུ། གནད་དོན་གཙོ་བོ་ནི་སྨན་རྩྭ་བསྡུ་གསོག་རྟེན་གཞི་ཁ་ཐོར་ཡིན་པ་དང་། ཆེད་སྤྱོད་རང་བཞིན་གྱི་དབྱེ་འབྱེད་མེད་ཅིང་སྨན་རྩྭའི་མིང་ཡིག་སྒྱུར་བྱས་པ་གཅིག་གྱུར་མིན་པ། བོད་སྨན་སྦྱོར་ཚད་དང་བོད་སྨན་བཀོལ་ཚད་བར་ཧེ་བག་ཤོར་བ། བྱེད་ནུས་གཙོ་བཅོས་ཀྱི་འགྲེལ་བརྗོད་ཚད་ལྡན་མིན་པ། འཛེམ་བྱ་དང་སྨན་གྱི་གནོད་ཚབས་རང་བཞིན། དོ་སྣང་བྱེད་དགོས་པའི་གསལ་བཤད་སོགས་འཐུས་ཚང་མིན་པའི་གནད་དོན་གནས་ཡོད་པར་མ་ཟད། ད་དུང་བོད་སྨན་སྡེབ་སྦྱོར་དང་ཞིབ་འཇུག བདེ་འཇགས་རང་བཞིན་གྱི་དཔྱད་འཇོག་སོགས་ཀྱི་ལས་རིམ་ཁྲོད་དུའང་ཁ་ཚ་དགོས་གཏུག་གི་ཐག་གཅོད་དགོས་པའི་གནད་དོན་མི་ཉུང་བ་ཞིག་གནས་ཡོད།

  བོད་སྨན་ཐོན་ལས་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་བ་མངོན་དུ་འགྱུར་བར་ཅིས་ཀྱང་རྨང་གཞི་ནས་དམ་པོར་འཛིན་དགོས་པ་དང་། བོད་སྨན་གྱི་ཚད་ལྡན་ཅན་འཛུགས་སྐྲུན་ནས་འགོ་རྩོམ་དགོས་པར་མ་ཟད། དུས་ཡུན་རིང་བོར་བོད་སྨན་གྱི་སྤུས་ཚད་དང་བདེ་འཇགས་ལ་གེགས་བྱེད་པའི་འགལ་རྐྱེན་དང་། ཐོན་ལས་འཕེལ་རྒྱས་ཀྱི་གནད་དོན་ཆེ་གྲས་ཚང་མ་རིམ་པར་ཐག་བཅད་དེ། བོད་སྨན་ཐོན་ལས་ཆེས་ལེགས་པ་དང་ཆེས་མགྱོགས་པའི་ངང་ནས་འཕེལ་བར་སྐུལ་འདེད་བཏང་ནས། ནད་པ་སྔར་ལས་མང་པོ་ཞིག་ལ་ཕན་བདེ་བསྐྲུན་པར་འབད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་རེད།

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།