འཕྱོངས་རྒྱས་རྫོང་གིས་སྐབས་རིམ་པའི་ལྷོ་ཁའི་སེམས་འགུལ་ཐེབས་པའི་མི་སྣ་བཅུ་ལ་མཚམས་འདྲི་བྱས་པ།
སྤེལ་བའི་དུས་ཚོད། : 2018-02-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ལན་པོ་ཡིས་སྣེ་འཁྲིད་བྱས་པའི་མཚམས་འདྲི་ཚོགས་པ་རྒྱ་མ་དང་། ལྷ་གཡུ་སོགས་སུ་བསྐྱོད་དེ་སྐབས་རིམ་པའི་ལྷོ་ཁ་སེམས་འགུལ་ཐེབས་པའི་མི་སྣ་བཅུ་ལ་མཚམས་འདྲི་གནང་ནས་དྲོ་སྐྱིད་སྦྱིན་ཡོད་པ་རེད།

མཚམས་འདྲི་ཚོགས་ཆུང་གིས་སྔ་རྗེས་སུ་སྐབས་རིམ་པའི་ལྷོ་ཁ་སེམས་འགུལ་ཐེབས་པའི་མི་སྣ་འཛོམས་སྐྱིད་དང་། སྐལ་བཟང་བསྟན་འཛིན། ཀྲེ་བཟང་། རིན་འཛིན་སོགས་ཁྱིམ་དུ་ཕེབས་ནས་མཚམས་འདྲི་གནང་ཡོད། མཚམས་འདྲི་ཚོགས་ཆུང་གིས་ཁྱིམ་ཚང་རེ་རེ་བཞིན་ཞིབ་ཕྲའི་ཐོག་ནས་ཁོང་ཚོའི་གཟུགས་གཞིའི་བདེ་ཐང་དང་། འཚོ་བའི་ཐོག་གི་དཀའ་ངལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་སྦྲགས་ཁོ་ཚོ་དང་ཁོ་ཚོའི་ནང་མིར་དཀར་གཙང་འཇལ་དར་ཕུལ་ནས་མཚམས་འདྲི་དངུལ་སྤྲད་དེ་ལོ་གསར་གྱི་མཚམས་འདྲི་དང་སྨོན་འདུན་བཟང་པོ་མཚོན་ལུགས་བྱས་ཡོད། དེ་དང་དུས་མཚུངས་ཁོང་ཚོའི་འཕྱོང་རྒྱལ་ལ་ཕུལ་བའི་གཟི་བརྗིད་དང་། ལེགས་སྐྱེས། དེ་བཞིན་མིག་དཔེ་བཟང་པོ་བཅས་བཏོན་པར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་ དབུལ་སྐྱོར་ཐད་སེམས་འགུལ་ཐེབས་པའི་མི་སྣ་ལ་ཐུགས་འཁུར་དང་། ཀུན་སྤྱོད་དཔེ་སྟོན་བྱ་རྒྱུ་དེ་སྤྱི་འབངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ལ་བརྩིས་པ་དང་སྦྲགས་དགའ་སྟོན་དུས་ཚིགས་འཁེལ་རིམ་བཞིན་ཁོང་ཚོར་མཚམས་འདྲི་དྲི་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ཏེ་ཁོང་ཚོར་དངོས་དངོས་རྗེན་རྗེན་གྱི་ཐུགས་འཁུར་དང་རོགས་རམ་བྱེད་ཀྱི་ཡོད་པས་དེས་ཏང་དང་སྲིད་གཞུང་གིས་ཐུགས་འཁུར་དང་བརྩེ་སེམས་མངོན་པར་བྱས་ནས་རྫོང་ཡོངས་སུ་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་བའི་རྣམ་པ་བཟང་པོ་ཞིག་བསྐྲུན་པ་དང་། ཀུན་སྤྱོད་དཔེ་བཟང་ལ་མིག་དཔེ་བལྟས་ནས་ཤེས་དཔལ་དང་གུས་ཞབས་ལྡན་པའི་འཕྱོང་རྒྱས་ཀྱི་བུ་ཕྲུག་བཟང་པོ་ལ་བརྩོན་ལེན་པའི་ཁོར་ར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

གསར་འགོད་པ། བསྟན་པ་ཚེ་རིང་།