བོད་ལྗོངས་ཀྱིས་ས་མཐོར་ཁོར་ཡུག་སྦགས་བཙོག་ཁྱབ་རྒྱུ་ཚོད་འཛིན་ནན་པོ་བྱས་པ།
སྤེལ་བའི་དུས་ཚོད། : 2017-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དུས་ཡུན་རིང་པོའི་ནང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། བློ་ཐག་ཆོད་ཤོས་ཀྱི་རྣམ་འགྱུར་དང་། ནན་ཤོས་ཀྱི་ལམ་ལུགས། ནུས་པ་ལྡན་ཤོས་ཀྱི་བྱ་ཐབས་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་གངས་ལྗོངས་ས་མཐོར་ཁོར་ཡུག་སྦགས་བཙོག་ཁྱབ་རྒྱུ་ཚོད་འཛིན་ནན་པོ་བྱས་པ་ལས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་ཐུབ་ཡོད།

ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་བརྟན་པོར་བསྲུངས་ཏེ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི“དོན་ཆེན་གསུམ”(འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད)གྱི་གྲས་ཤིག་དང“མཐའ་ཚད་གསུམ”(བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། སྣོད་བཅུད་སྲུང་སྐྱོང)གྱི་གྲས་ཤིག་ཏུ་བརྩིས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཁར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལུགས་གསལ་སྟོན་བྱས་ཡོད།

ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་སྔ་རྗེས་སུ《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང《རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ནུས་ལྡན་ངང་བསྐྲུན་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་རྩ་དོན་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་གཙོ་གནད་ལས་དོན་ཆེ་གྲས་བཞིའི་ཡ་གྱལ་ཞིག་ཏུ་བརྩིས་ནས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

ཁོར་ཡུག་གི་ཆོག་འཐུས་འགག་སྒོ་ནན་པོ་བསྲུངས་ཏེ་ཁོར་ཡུག་སྦགས་བཙོག་ཐེབས་རྒྱུ་འབྱུང་རྩ་ནས་ཚོད་འཛིན་བྱས་པ།

རང་ལྗོངས་ཀྱིས་གཏེར་ཐོན་ཐོན་ཁུངས་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཤིང་། ལས་རིགས་ཀྱི་ཆོག་འཐུས་ཆ་རྐྱེན་དང་ཁོར་ཡུག་ཆོག་འཐུས་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་དོན་འཁྱོལ་བྱས་པ། གསར་སྤེལ་དང་འཛུགས་སྐྲུན་གྱི་རྣམ་གྲངས་མཐའ་དག་ལག་ལེན་བསྟར་བར་སྔོན་ལ་སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་དང་སྲུང་སྐྱོང་བྱ་ཐབས་བསམ་གཞིག་བྱས་པ། ཐོན་ཁུངས་ཀྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་དང་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ལ་ཚོད་འཛིན་ནན་པོ་བྱས་པ། “མཐོ་བ་གསུམ”གྱི་ཐོན་ལས་རྣམ་གྲངས་ནང་འདྲེན་བྱ་རྒྱུ་ནན་འགོག་དང་རྗེས་ལུས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་སྒྲིག་ཆས་ཕྱིར་འབུད་བྱས་པ་བཅས་རེད། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་གྱི་ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ་དང་། ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ སྣོད་བཅུད་ཁོར་ཡུག་གི་འགག་སྒོ་བཅས་ནན་པོ་བསྲུངས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆུ་གློག་དང་། གཏེར་ཐོན་ཐོན་ཁུངས། བཟོ་ལས་གླིང་ཁུལ་སོགས་འཆར་འགོད་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཡིག་ཆ་43ལ་ཞིབ་དཔྱད་བྱས་པ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཡིག་ཆ་ཁྲི་2.58ལ་ཞིབ་མཆན་བཀོད་ནས་ཁོར་ཡུག་ཚོད་འཛིན་གྱི་གནད་དོན་ཚབས་ཆེན་ལྡན་པའི་རྣམ་གྲངས་10ལ“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་བྱས་ཡོད་པ་རེད།

ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་མགྱོགས་པོ་བཏང་བ་དང་། མིག་སྔར་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་30བཙུགས་པ་དང་། གྲོང་ཁྱེར་དང་ས་ཁུལ་གནས་སའི་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་ཐོག་གཙང་གསིང་བྱེད་ཚད་80%ཟིན་པ་དང་། གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ཡུལ་106དང་འཚོ་བའི་གད་སྙིགས་བརྒྱུད་འདྲེན་སྒྲིག་བཀོད་87བསྐྲུན་ནས་རྫོང་གྲོང་དང་དེ་ཡན་གྱི་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད་84.1%ཟིན་ཡོད། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་ཤང་དང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་བདེ་འཇགས་འཐུང་ཆུའི་གནད་དོན་སྤྱིར་ན་ཐག་གཅོད་ཟིན་པ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་7དང་སྲིད་འཛིན་གྲོང་ཚོ་17གྱིས་འཚོ་བའི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་བཙུགས་ཡོད། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་ནས་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཐོན་ནུས་རྗེས་ལུས་ཅན་མཐའ་གཅིག་ཏུ་ཕྱིར་འབུད་བྱས་པ།

རང་ལྗོངས་ཀྱི་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་ཆུ་ཚད་ཅུང་དམའ་བ་དང་དེ་ལས་བྱུང་བའི་ཁོར་ཡུག་སྦགས་བཙོག་གི་གནད་དོན་དེ་ཙམ་མངོན་གསལ་དོད་པོ་མེད་མོད། འོན་ཀྱང་རང་སྐྱོང་ལྗོངས་ཀྱིས་དེས་རྐྱེན་པས་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱ་རྒྱུར་ལྷོད་གཡེང་བཏང་མེད།

1999ལོར་སྦགས་བཙོག་ཚབས་ཆེ་བའི“ཆུང་གྲས་15”དང“ཆུང་གྲས་གསར་པ་5”ཡི་ཁེ་ལས་གཉེར་མཚམས་འཇོག་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱིས་བཟོ་ལས་སྦགས་བཙོག་འབྱུང་ཁུངས་ཀྱི་ཚད་ལོན་ཕྱིར་འབུད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། 2000ལོར་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་རྒྱུ་ཆ་དང་ཨར་འདམ་བཟོ་གྲྭའི་ཨར་འདམ་ཐོན་སྐྱེད་སྒྲུབ་རིམ་2སྒོ་རྒྱག་སྐབས་རང་སྐྱོང་ལྗོངས་ཀྱིས་ལོ་གཉིས་ཀྱི་སྐྱེད་གསབ་དངུལ་བུན་སྒོར་ཁྲི་3000བཏང་ནས་ཁེ་ལས་ལ་ཐོན་སྐྱེད་ཕྱོགས་སྒྱུར་བྱེད་རོགས་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཀྱི་སྦགས་བཙོག་བཅོས་སྒྲིག་གི་ཆོད་སེམས་དང་ཡིད་ཆེས་གང་ལེགས་གསལ་བཤད་ཐུབ་ཡོད་ལ། སྦགས་བཙོག་འགོག་བཅོས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་ཡང་མཚོན་ཡོད། “ལོ་ལྔ་ཚན་བཅུ་པའི”རིང་། ལྗོངས་ཡོངས་ཀྱིས་ཁྱོན་ཨར་འདམ་ཐོན་སྐྱེད་སྒྲུབ་རིམ་9དང་། ཡུལ་ཐབས་ཀྱི་སྣུམ་འཚག་ཁང་1 ངར་ལྕགས་བཟོ་གྲྭ་ཆུང་གྲས་5 ཤོག་བུ་བཟོ་གྲྭ་ཆུང་གྲས་4 བཞུ་རྩི་ལས་སྣོན་བཟོ་གྲྭ་4བཅས་སྒོ་བརྒྱབ་ཡོད་པ་རེད།

གཏེར་ཐོན་ཐོན་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་གཏེར་ཐོན་ཐོན་ཁུངས“སྔོག་འདོན་བཀག་རྒྱ”གཉིས་ཁྱབ་བསྒྲགས་བྱས་པ་དང་། 2006ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཕྱོགས་ཡོངས་ནས་གསེག་གསེར་གཏེར་ཁ་སྔོག་འདོན་བྱ་རྒྱུ་བཀག་སྡོམ་བྱས་པ་རེད། 2008ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལྕགས་རྡོའི(ལྕི་བའི་ལྕགས་རྡོའི་གཏེར་རིགས་གཞན་དག་ཚུད་པ)ཐོན་ཁུངས་སྔོག་འདོན་བྱེད་རྒྱུ་བཀག་སྡོམ་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱིས་རྗེས་ལུས་ཀྱི་ཐོན་ནུས་ཕྱིར་འབུད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2013ལོ་ནས་2016ལོའི་བར། སྔ་རྗེས་སུ་གཞིས་རྩེའི་གངས་ལྷ་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིའི་སྲེག་དོང་ལངས་མའི་ཨར་འདམ་ཐོན་སྐྱེད་སྒྲུབ་རིམ་དང་བོད་ལྗོངས་མཐོ་བརྩོན(ཚོགས་པ)ཆབ་མདོ་ཨར་འདམ་ཚད་ཡོད་འགན་འཁྲི་ཀུང་སི་ཁ་རུབ་དང་སྨར་ཁམས་ཀྱི་ཐོན་སྐྱེད་སྒྲུབ་རིམ་2བཅས་ཀྱི་རྗེས་ལུས་ཐོན་ནུས་ཁྱོན་བསྡོམས་ཏུན་ཁྲི་40.4ཕྱིར་འབུད་བཏང་བ་རེད། ཐོན་ལས་འཕེལ་རྒྱས་ཀྱི་བླང་བྱ་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མི་མཐུན་པ་དང་གནས་སྐབས་བཤིག་རྒྱུའི་ཆ་རྐྱེན་དང་ཡང་མི་འཚམ་པའི་ཁྱོན་ཏུན་ཁྲི་113ཟིན་པའི་ཨར་འདམ་གྱི་རྗེས་ལུས་ཐོན་སྐྱེད་སྒྲུབ་རིམ་7བརྒྱབ་པས་མིག་སྔར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བྱེད་མུས་ཀྱི་ཨར་འདམ་ཐོན་སྐྱེད་སྒྲུབ་རིམ་ཚང་མ་སྐམ་ཐབས་ཀྱི་ཨར་འདམ་ཐོན་སྐྱེད་སྒྲུབ་རིམ་གསར་པར་མངོན་འགྱུར་བྱུང་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱིས་ད་དུང《ལྗོངས་ཡོངས་ཀྱི་གསེར་རྟགས་རླངས་འཁོར་དང་དེ་བཞིན་རླངས་འཁོར་རྙིང་ཧྲུལ་ཕྱིར་འབུད་ལས་ཀའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ》བཟོས་པ་དང་། 2014ལོ་ནས་2016ལོའི་བར། ལྗོངས་ཡོངས་ཀྱིས་ཁྱོན་བསྡོམས་གསེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་ཧྲུལ་11271ཕྱིར་འབུད་བཏང་བས་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་ཕྱིར་འབུད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད། 2016ལོར་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་ཚད་གཞི་ཨང་ལྔ་པའི་འཁོར་སྤྱོད་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཕྱོགས་ཡོངས་ནས་མཁོ་འདོན་ཐུབ་པ་རེད། དུས་མཚུངས་ལྗོངས་ཡོངས་ནས་རྡོ་སོལ་སྲེག་པའི་ཁྲོ་ཐབ་267ཕྱིར་འབུད་བཏང་བ་དང་། རྡོ་སོལ་སྲེག་པའི་ཁྲོ་ཐབ་གསར་པ་འཛུགས་རྒྱུ་ཚོད་འཛིན་ནན་པོ་བྱས་པ། ས་ཁུལ་དང་གྲོང་ཁྱེར་རིམ་པའི་གྲོང་ཁྱེར་ལ་ཀྲེང་ཏུན་20མན་གྱི་རྡོ་སོལ་སྲེག་པའི་ཁྲོ་ཐབ་གསར་དུ་འཛུགས་རྒྱུ་བཀག་སྡོམ་བྱས་པ། བེད་སྤྱོད་བྱེད་བཞིན་པའི་ཁྲོ་ཐབ་ལ་ལེ་ལག་ཚང་བའི་མུ་ཟི་དང་ཐལ་རྡུལ་སེལ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས། ས་ཁུལ(གྲོང་ཁྱེར)རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་བསྐྲུན་ཟིན་པའི་ཁུལ་དུ་ཀྲེང་ཏུན་10དང་དེ་མན་གྱི་རྡོ་སོལ་སྲེག་པའི་ཁྲོ་ཐབ་གཞི་རྩའི་ཆ་ནས་ཕྱིར་འབུད་ཐུབ་རྒྱུ་དང་ས་ཁུལ་གཞན་དག་ཏུ་གཞི་རྩའི་ཐོག་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་དྲོད་རླངས་མཁོ་འདོན་དང་ཆུ་ཚ་པོ་མཁོ་འདོན་བྱེད་པ་ཕུད་ཀྲེང་ཏུན་10མན་གྱི་རྡོ་སོལ་སྲེག་པའི་ཁྲོ་ཐབ་གསར་དུ་འཛུགས་རྒྱུ་མིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།