རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས།
སྤེལ་བའི་དུས་ཚོད། : 2017-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་ཏེ་རྒྱུན་ཆད་མེད་པར་སྐྱེ་ཁམས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་བ་དང་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས།

གཅན་ཚ་རྫོང་གིས་རྫོང་ཁོངས་ཀྱི་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་ཞན་པ་དང་ས་ཆུ་ཤོར་བའི་གནས་ཚུལ་ཚབས་ཆེན་ཡིན་པའི་དངོས་ཡོད་གནད་དོན་ལ་དམིགས་ཏེ་ནགས་སྐྲུན་ལྗང་སྒྱུར་དང་ས་ཆུ་བཅོས་སྐྱོང་། རྨོ་སྐྱུར་ནགས་སྐྲུན་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ཏེ་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་རྣམ་པ་ལེགས་བཅོས་བཏང་། དེ་དང་མཉམ་དུ། གཅན་ཚ་རྫོང་གིས་རྨ་ཆུའི་འགྲམ་ངོགས་ཀྱི་ཁོར་ཡུག་སྤུས་ཚད་ལ་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པ་དེ་དཀྱིལ་སྙིང་དུ་བཟུང་ནས་ཆུ་དང་མཁའ་དབུགས། ས་གཤིས་བཙོག་བཟོ་འགོག་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱས་པ་དང་ཆུ་ཁོངས་བཙོག་བཟོ་བཅོས་སྐྱོང་དང་ཞང་སྡེའི་འཚོ་བའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་སྟེ་སྔ་གཞུག་ཏུ་རྫོང་མཁར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་ཁམས་ར་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་འཛུགས་སྐྲུན་བྱས་ཏེ་ཤུགས་ཆེན་པོས་རྨ་ཆུའི་བཞུར་རྒྱུན་སོགས་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོབ་ཁུལ་གྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་།

དེ་ལས་གཞན། གཅན་ཚ་རྫོང་གིས་རྨ་ཆུའི་འགྲམ་ངོགས་ཀྱི་ཁོར་ཡུག་གཙང་སྦྲ་དག་ཐེར་བཅོས་སྐྱོང་བྱ་བ་དེ་དུས་ཡུན་རིང་བོའི་བྱ་བའི་ལས་འགན་ཞིག་ཏུ་བརྩིས་ཏེ་རྫོང་ཡོངས་ཀྱི་གོང་འོག་ཡོངས་ནས་མི་སྣ་སྐུལ་སློང་བྱས་ཏེ་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱས་པ་དང་། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་གྱ་དྲུག་གིས་ཞང་སྡེའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་ལག་བསྟར་བྱས་ལ། གད་སྙིགས་ཐག་གཅོད་བྱེད་ས་འཛུགས་སྐྲུན་དང་ཞང་སྡེའི་ཁོར་ཡུག་སྲུང་སྐྱོབ་རུ་ཁག་བཙུགས་པར་མ་ཟད། ཟླ་རེའི་ཚེས་ཉེར་དྲུག་ཉིན་གཅིག་བསྡུས་གཙང་སྦྲ་བྱེད་པའི་ཉིན་མོར་གཏན་ཁེལ་བྱས་པ་དང་། སྡེ་བ་རེ་རེའི་སྡེ་བའི་ཧྲུའུ་ཅི་དང་པོ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྡེ་བའི་ཏང་ཡོན་དང་མང་ཚོགས་རྩ་འཛུགས་བྱས་ཏེ་སྡེ་བའི་ནང་གི་ཁོར་ཡུག་ལ་གཅིག་བསྡུས་གཙང་སྦྲ་བྱས་པས་ཞང་སྡེའི་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་།

ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།