བོད་རིགས་སློབ་མས་cctvཡི་དབྱིན་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་འདུག
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༢༠༡༧ལོའི་སྤྱི་ཟླ་༦ཚེས་༡༨ཉིན་མཇུག་སྒྲིལ་བའི་cctvཡི་རེ་བའི་སྐར་མ་ཞེས་པའི་དབྱིན་ཡིག་འགྲན་བསྡུར་གྱི་མཚོ་སྔོན་འགྲན་རའི་ནང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་དབྱིན་འཛིན་གྲྭའི་སློབ་མ་ལྷ་མོ་སྐྱིད་ཀྱིས་ཨང་དང་པོ་དང་། སློབ་མ་ཆོས་སྒྲོན་དང་གཡང་རིག་མཚོ། སྒོམ་ཐར་སྐྱིད། པད་མ་མཚོ་བཅས་ཀྱིས་ཨང་གཉིས་པ། གཡང་འགྲུབ་མཚོ་དང་པད་མ་སྐྱིད། བསོད་ནམས་སྐྱིད་བཅས་ཀྱིས་ཨང་གསུམ་པ་བཅས་བླངས་ཡོད་ཅིང་། བོད་རིགས་སློབ་མ་འདི་བརྒྱད་ཀྱིས་འགྲན་བསྡུར་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་མཚོ་སྔོན་འགྲན་རའི་སྤྱིའི་བྱ་དགའ་༡༩ཁྲོད་ཀྱི་ཕྱེད་ཀར་ཉེ་བ་བླངས་ནས་བོད་རིགས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་གཟི་བརྗིད་དང་མཚན་སྙན་བསྐྲུན་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དབྱིན་བོད་འཛིན་གྲྭའི་སློབ་གསོའི་སྤུས་ཀའམ་གྲུབ་འབྲས་ཀྱང་ར་སྤྲོད་བྱས་ཡོད་དོ།།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་རེ་བའི་སྐར་མ་ཞེས་པའི་དབྱིན་ཡིག་འགྲན་བསྡུར་དེ་ནི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཞིག་ཡིན་ལ། འགྲན་བསྡུར་དེ་༢༠༠༠ལོ་ནས་མགོ་ཚུགས་ཤིང་ལོ་རེར་ཐེངས་གཅིག་རེ་སྤེལ་བཞིན་པ་དང་། དབྱིན་ཡིག་ལ་དགའ་ཞེན་ཡོད་མཁན་ཚོར་རང་ཉིད་སྦྱོང་བརྡར་དང་རང་གི་དབྱིན་ཡིག་འཇོན་ནུས་ངོམ་པའི་གར་སྟེགས་ཤིག་བསྐྲུན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
གསར་འགོད་པ། བདེ་ལྷ་མོ།