ཐུར་ཁེའི་ཚོང་ཟོག་རྒྱུད་གཅིག་ལམ་གཅིག་ལ་བརྟེན་ནས་མཚོ་བོད་ས་མཐོར་སླེབས་པ།
སྤེལ་བའི་དུས་ཚོད། : 2017-06-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཧུའེ་རིགས་བུ་མོ་མ་ཞའོ་དབྱིན་ནི་མཚོ་སྔོན་མུ་མོང་ཐུར་ཁེའི་ཚོང་ཁང་གི་ཉོ་སྒྲུབ་སྣེ་ཤན་པ་ཞིག་ཡིན་པ་དང་། ཁོང་གིས་ཚོང་གཉེར་བྱེད་སའི་ཚོང་སྒྲོམ་ཐོག་སི་རི་ཡ་ནས་ཐོན་པའི་ལག་བཟོས་དག་རྫས་དང་ཐུར་ཁེ་ནས་ཐོན་པའི་རྒྱ་སེ་མེ་ཏོག་གི་ཤ་སོས་སོགས་ཚོང་ཟོག་སྒྲིག་ཡོད་པ་རེད། མ་ཞའོ་དབྱིན་གྱིས། ཚོང་ཟོག་དེ་དག་ལ་མུ་སི་ལིན་གྱི་བུད་མེད་ཚོས་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད་ཡོད་པ་རེད།

མཚོ་སྔོན་མུ་མོང་ཐུར་ཁེའི་ཚོང་ཁང་དེ་མཚོ་སྔོན་གྱི་ཤ་ཏུའུ་ཁྲོམ་ལམ་གྱི་ཤིན་ཆན་རྒྱལ་སྤྱིའི་གོམ་བགྲོད་སྲང་ལམ་དུ་གནས་ཡོད་པ་དང་། ཚོང་ཟོག་ནང་ཐུར་ཁེའི་བཟའ་རིགས་དང་། གྱོན་ཆས་རྒྱན་ཆ། མི་རིགས་ཀྱི་སྤྱོད་ཆས་སོགས་ཡོད་པ་རེད། མཚོ་སྔོན་མུ་མོང་ཚོང་ལས་ཉོ་ཚོང་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རིན་ཉན་ཞའོ་ཅའོ་ཡིས། ཚོང་ཁང་ནང་གི་ སྐྱུ་རུའི་སྣུམ་དང་། འོ་རྫས་ཐོན་རྫས། ས་གདན། དེ་བཞིན་ཐུར་ཁེའི་ཏིས་ཀྲུང་རྒྱ་མཚོའི་ཁྱད་ལྡན་ནུབ་ཕྱོགས་ཟས་རིགས་གཞན་དག་ལ་སྐུ་མགྲོན་རྣམས་ཀྱིས་དགའ་པོ་བྱེད་ཀྱི་འདུག་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་ཧྲང་ཡུས་ལུང་གིས། སྤྱི་ལོ་༢༠༡༥ལོར་མཚོ་སྔོན་ཞིང་ཆེན་དང་དར་གོས་ལམ་བུའི་འགྲམ་རྒྱུད་རྒྱལ་ཁབ་བར་ཉོ་ཚོང་བྱེད་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་༤ཟིན་ཡོད་པ་དང་། ཐོན་ལས་གསུམ་པས་ཕྱི་རྒྱལ་གྱི་མ་རྩ་བེད་སྤྱོད་བྱེད་པ་དེས་སྤྱི་ལོ་༢༠༡༠ལོའི་བརྒྱ་ཆ་༥ནས་སྤྱི་ལོ་༢༠༡༥ལོའི་བརྒྱ་ཆ་༦༦བར་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

ཧྲང་ཡུས་ལུང་གིས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་སྐུལ་འདེད་གཏོང་བ་དང་བསྟུན་ནས། མི་རིགས་ཁེ་ལས་དེ་བས་མང་བས་ནུབ་ཕྱོགས་སུ་བལྟ་བའི་རྒྱལ་སྤྱིའི་མིག་རྒྱང་ཡངས་དུ་ཕྱིན་པ་དང་། འགྲམ་རྒྱུད་རྒྱལ་ཁབ་བར་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་རིག་གནས་སྤེལ་རེས་བྱེད་པའི་གོ་སྐབས་གསར་པ་སྔོག་འདོན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

མཚོ་སྔོན་དབྱི་ཅ་མི་རིགས་སྤྱོད་རྫས་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རིན་ཧན་ཞའོ་ཧྥེང་གིས། ཀུང་སིས་དབྱི་སི་ལན་མི་རིགས་ཀྱི་ཞྭ་མོ་རིགས་བརྒྱ་ལྷག་དབུས་ཤར་དང་ཨ་ཤེ་ཡ་དབུས་མ། ཨ་ཤེ་ཡ་ཤར་ལྷོ། ཨ་ཧྥེ་རི་ཁ་གླིང་སོགས་མུ་སི་ལིན་གྱི་རྒྱལ་ཁབ་དང་ས་ཁུལ་༢༠ལྷག་ལ་བྲིན་ཚོང་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

དམངས་སྲོལ་རིགས་གཅིག་མཁས་པ་ཀྲའོ་ཙུང་ཧྥུ་ཡིས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ལག་བསྟར་བྱེད་པ་དང་བསྟུན་ནས། མཚོ་སྔོན་གྱིས་གནད་གཅིག་ནས་ཁྱོན་ཡོངས་འཁྲིད་པའི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་རིམ་འཕར་དཔར་མ་མགྱོགས་མྱུར་གཏོད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

ཉན་ཞའོ་ཅའོ་ཡིས། ཉིན་ཁ་ཤས་ཀྱི་རྗེས་སུ་མཚོ་སྔོན་གྱི་གྲུབ་ཆ་ལེགས་སྒྲིག་དང་མ་འཇོག་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། མཚོ་བོད་ས་མཐོའི་མུ་སི་ལིན་མང་ཚོགས་ཀྱིས་སྨྱུང་གྲོལ་དུས་ཆེན་ལ་བསུ་བ་ཞུ་རྒྱུ་ཡིན་པས། ཁོ་ཚོའི་ཐུར་ཁེའི་ཚོང་ཟོག་ལ་དེ་བས་རྒྱ་ཆེ་བའི་བྲིན་ཚོང་ལམ་བུ་ཡོང་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

སྒྱུར་མཁན། སྐལ་བཟང་བདེ་སྐྱིད།