རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཉི་ཧོང་ལ་འཚམས་འདྲི་བྱས་པ།
སྤེལ་བའི་དུས་ཚོད། : 2017-06-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་6ཚེས་6ཉིན་ནས་ཚེས་10ཉིན་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས་ཚོགས་གཙོ་བྱེད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཉི་ཧོང་ལ་མཛའ་མཐུན་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་པའི་རིང་ལ། ཉི་ཧོང་གི་རྒྱལ་ས་ཏུང་ཅིང་དུ་རྡོ་རྗེ་ཚེ་རིང་གིས་ཉི་ཧོང་གི་གྲོས་ཁང་གོང་མའི་ཚོགས་གཙོ་ཟུར་པ་དང་ཉི་ཀྲུང་མཛའ་མཐུན་འདུ་འཛོམས་ཁང་གི་ཚོགས་གཙོ་ཅང་ཐེན་ཝུའུ་ཡུའེ། ཉི་ཀྲུང་མཛའ་གྲོགས་དབྱི་ཧུའེ་གྲོས་མི་མནའ་འབྲེལ་གྱི་དྲུང་ཡིག་ཆེ་མོ་ལིན་ཧྥང་ཀྲེང་། ཕྱི་དོན་སྲིད་དོན་དཔོན་ཝུའུ་ཅིན་ཅུན་ཕུའུ་བཅས་དང་ངོས་འཕྲད་བྱས་པ་མ་ཟད། ད་དུང་ཀྲ་ཧོང་དུ་པེ་ཧའེ་ཏའོ་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཡོན་ཐེང་ལིན་དང་ངོས་འཕྲད་བྱས་པ་རེད།

རྡོ་རྗེ་ཚེ་རིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཉི་ཆབ་སྲིད་ཡིག་ཆ་བཞི་དང་རྩ་དོན་བཞིའི་ངོས་འཛིན་གཅིག་མཐུན་གྱི་རྨང་གཞིའི་ཐོག ལོ་རྒྱུས་མེ་ལོང་དུ་འཛིན་ཞིང་། འབྱུང་འགྱུར་ལ་བསམ་གཞིགས་བྱེད་པའི་དགོངས་དོན་གཞིར་བཟུང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅིང་། བོད་འབྲེལ་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་དང་འབྲེལ་བ་ཆེན་པོ་ཡོད་ལ། ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་མི་རིགས་བར་གྱི་བརྩེ་དུང་དང་འབྲེལ་བ་ཆེན་པོ་ཡོད་པས། ཉི་ཧོང་ཕྱོགས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ཀྲུང་གོར་ངོ་རྒོལ་དང་ཁ་བྲལ་གཏོང་བའི་ངོ་བོར་ཤེས་རྟོགས་གང་གསལ་བྱས་ཏེ། ཀྲུང་གོའི་ཕྱོགས་ཀྱི་བོད་འབྲེལ་གནད་དོན་ཐོག་གི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱས་དོན་གལ་ཆེན་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་། ཀྲུང་ཉི་བར་གྱི་འབྲེལ་བ་ཁྱོན་ཡོངས་གཞིར་བཟུང་སྟེ་བོད་འབྲེལ་གནད་དོན་ཐག་གཅོད་འོས་ཤིང་འཚམས་པར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།

ཅང་ཐེན་ཝུའུ་ཡུའེ་ཡིས་ཉི་ཀྲུང་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེབ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཧ་ཅང་འགངས་ཆེ་བ་ཡིན་ཞིང་། ཉི་ཧོང་རྒྱལ་ཚོགས་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བར་དུས་བཀག་ལྟར་སྤེལ་རེས་ལུགས་སྲོལ་བཙུགས་ཡོད་པ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་དམ་པོ་ཡོད་ལ། ཉི་ཀྲུང་མཛའ་མཐུན་འདུ་འཛོམས་ཁང་ནི་ཉི་ཀྲུང་མཛའ་མཐུན་ཚོགས་པ་བདུན་གྱི་ཡ་གྱལ་ཡིན་པས། དུས་བཀག་བཞིན་ཀྲུང་གོའི་ལས་རིགས་ཁག་གི་ན་གཞོན་གྲོགས་པོ་ཚོ་ཉི་ཧོང་དུ་འཚམས་འདྲིར་གདན་འདྲེན་ཡང་ཞུས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་ཇེ་ཟབ་དང་མཛའ་མཐུན་བརྩེ་དུང་ཇེ་ཟབ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བསྟན་པ་རེད།

ལིན་ཧྥང་ཀྲེང་དང་ཝུའུ་ཅིན་ཅུན་ཕུའུ་ཡིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་ཉི་ཧོང་དུ་འཚམས་འདྲིར་ཕེབས་པ་དེས་ཉི་ཧོང་ཕྱོགས་ཀྱིས་བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་རྒྱུར་གོ་སྐབས་བཟང་པོ་ཞིག་སྤྲད་པ་དང་། ཉི་ཧོང་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ཁྱབ་ཁོངས་ཁག་གྱི་སྤེལ་རེས་དང་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ཏེ་ཉི་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་ལེགས་བཅོས་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་རེད།

ཉི་ཧོང་དུ་བསྡད་པའི་རིང་ལ་འཐུས་མི་ཚོགས་པས་ད་དུང་ཉི་ཧོང་གི་མཁས་དབང་དང་། ཕྱི་ཁོངས་ཀྲུང་གོ་བ་དགེ་རྒན་ཆེན་མོ། ཕྱིར་སྡོད་ཀྲུང་གོ་བའི་གཙོ་འཛིན་སོགས་དང་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།