མཚོ་ལྷོའི་ཐུན་ཏེ་རྫོང་གིས་བྱེད་ཐབས་བདུན་བཏོན་ནས་དབུར་ཐར་མཁྲེགས་གཏོར་བྱ་བའི་ཕན་འབྲས་སྲ་བརྟན་དུ་བཏང་།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཕན་འབྲས་སྔར་ལས་སྲ་བརྟན་དུ་གཏོང་ཆེད། ཐོན་ལས་དབུལ་སྐྱོར་དང་གནས་སྤོར། ལས་ཞུགས་སྒྱུར་སྤོར། དངུལ་རྩ། ཡུལ་སྐོར། རོགས་རེས་དངུལ་གཏོང་དབུལ་སྐྱོར། དབུལ་ཕོངས་སུ་འགྱུར་ཉེན་ཆེ་བའི་ཁྱིམ་ཚང་གི་བརྟག་དཔྱད་བྱ་བ་བཅས་ཕྱོགས་བདུན་གྱི་ཐབས་ཇུས་གསར་བ་བཏོན།

ཐོན་ལས་དབུལ་སྐྱོར་ཐད་དུ། ཐུན་ཏེ་རྫོང་གིས་ལས་གཞིའི་མ་དངུལ་སྒོར་བྱེ་བ་གསུམ་བཏང་ནས་ཉིས་སྟོང་བཅུ་དྲུག་ལོའི་དབུལ་ཐར་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་ལས་གཞི་སྲ་བརྟན་དུ་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་དང་སྡེ་བ་སྤྱིའི་དཔལ་འབྱོར་ཐད་རོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་ལས་གཞན། ཁྱད་ཆོས་ཅན་གྱི་གསོ་སྤེལ་ལས་རིགས་སྲ་བརྟན་དུ་གཏོང་བར་ཤུགས་བསྣན་ཏེ། དབུལ་སྐྱོར་ཐོན་ལས་ར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་བཅུ་དྲུག་ཐུན་ཏེ་རྫོང་གི་སྲོག་ཤིང་ཐོན་ལས་སུ་འཛུགས་སྐྲུན་བྱས་ནས། ཁེ་ལས་ཆུང་འབྲིང་རྣམས་ལ་སྣེ་འཁྲིད་དེ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

གནས་སྤོར་བྱ་བའི་ཐད་དུ། མུ་མཐུད་དུ་མང་ཚོགས་ཀྱི་འདོད་མོས་ལ་བསྟུན་ནས་གནས་སྤོར་བྱེད་པ་གཙོར་བཟུང་ནས། སྡེ་བ་གཞུང་ནས་གནས་སྤོར་ཁང་བ་བཀོད་སྒྲིག་བྱེད་པ་དང་། ཡང་ན་ཁྱིམ་ཚང་རང་ངོས་ནས་རྫོང་ཐོག་དུ་ཁང་བ་ཉོ་བ་སོགས་ཀྱི་ཐབས་ལམ་སྤྱོད་རྒྱུ་རེད། དེའི་ཐད་ལ་མ་དངུལ་སྒོར་བྱེ་བ་གཅིག་བཏང་ནས་ཁྱིམ་ཚང་བརྒྱད་ཅུའི་མི་སྣ་ཉིས་བརྒྱ་དང་དགུ་བཅུ་དབུལ་སྐྱོར་གནས་སྤོར་བྱེད་རྒྱུ་དང་། དེའི་ཁྲོད་དུ་ཡིག་ཚགས་བཟོས་ནས་ཐོ་འགོད་བྱས་ཡོད་པའི་ཁྱིམ་ཚང་ཉེར་གསུམ་གྱི་མི་བརྒྱད་ཅུ་ཡིས་རང་ངོས་ནས་གནས་སྤོར་བྱེད་པ་དང་། ཐོ་འགོད་བྱས་མེད་པའི་ཁྱིམ་ཚང་ང་བདུན་གྱི་མི་ཉིས་བརྒྱ་དང་བཅུ་ཡིས་རང་ངོས་ནས་གནས་སྤོར་བྱེད་རྒྱུ་རེད།

ལས་ཞུགས་དབུལ་སྐྱོར་ཐད་དུ། མ་དངུལ་སྒོར་ས་ཡ་གཅིག་བཏང་ནས་རོང་འབྲོག་མང་ཚོགས་ལྔ་བརྒྱ་ལ་ལས་ཞུགས་ཟབ་སྦྱོང་བྱས་པ་བརྒྱུད། ཁེ་ལས་དོ་དམ་དང་ཟས་རིགས་གཡོས་སྦྱོར། རྡོ་བརྐོས་སོགས་ཀྱི་ལས་རྐང་སྟེང་ལས་ཞུགས་བྱས་ཏེ། མི་གཅིག་གིས་ལས་ཞུགས་བྱས་ན་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་ཐུབ་པའི་དབུར་ཐར་ཇུས་གཞི་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་པ་དང་། དབུལ་ཕོངས་ཁྱིམ་ཚང་རྣམས་དབུལ་སྐྱོར་ཐོན་ལས་ར་བའི་ཁེ་ལས་སོགས་སུ་སོང་ནས་ལས་ཞུགས་བྱས་པ་བརྒྱུད་དབུལ་ཐར་བྱ་བ་དོན་འཁྱོལ་ཡོང་བར་བྱེད་རྒྱུ་རེད།

དངུལ་རྩའི་དབུལ་སྐྱོར་ཐད་དུ། དངུལ་རྩའི་ཞབས་ཞུ་གཙོ་སྒྲུབ་དངུལ་ཁང་གི་དབུལ་སྐྱོར་གསར་སྤེལ་ལམ་ལུགས་ལག་བསྟར་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་ཐད་ཀྱི་དངུལ་རྩའི་ཞབས་ཞུ་སོགས་ཟུང་སྦྲེལ་བྱས་པ་བརྒྱུད། དབུལ་ཕོངས་ཁྱིམ་ཚང་གི་ཡིད་རྟོན་བྱེད་ཚད་རྒྱ་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་དངུལ་བུན་ཉུང་ཙམ་བསྐྱི་བའི་གཞི་ཁྱོན་ཆེ་རུ་བཏང་ནས། ཐོན་ལས་ར་བ་དང་ཆེད་ལས་མཉམ་ལས་རྩ་འཛུགས། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་སོགས་ཀྱིས་ཁྱད་ཆོས་ཅན་གྱི་ཐོན་ལས་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཡུལ་སྐོར་དབུལ་སྐྱོར་ཐད་དུ། ཉིས་སྟོང་བཅུ་དྲུག་ལོའི་ཡུལ་སྐོར་སྡེ་བ་གལ་ཆེན་རྣམས་ཀྱིས་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། ད་ལོར་མུ་མཐུད་དུ་མ་དངུལ་སྒོར་ས་ཡ་གསུམ་བཏང་ནས་ཚེར་ནགས་སྡེ་བའི་ཟ་མ་ཟ་ས་དང་སྤྲོ་སྐྱིད་བྱེད་ས་སོགས་མཉམ་དུ་འདྲེས་པའི་མི་རིགས་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་ས་ཁུལ་ལེགས་འགྲུབ་འབྱུང་བར་བྱས་ཏེ། ཡུལ་སྐོར་དང་དབུལ་སྐྱོར་གཉིས་གཅིག་དུ་འབྲེལ་བའི་དབུལ་སྐྱོར་མཁྲེགས་གཏོར་གྱི་རྣམ་པ་གསར་བ་སྐྲུན་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།