སི་ཁྲོན་འཐུས་མི་བན་ཁོས་རྒྱལ་རོང་གི་སྐད་གཉིས་སློབ་གསོ་གཙོ་ཚུལ་གླེང་བ།
སྤེལ་བའི་དུས་ཚོད། : 2018-02-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་ཞིབ་འཇུག་གླིང་གི་གླིང་གཙོ་བན་ཁོ་ལགས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཐོག་ཏུ་སློབ་གསོའི་སྐོར་གྱི་བསམ་འཆར་འགའ་བཏོན་ཡོད་པ་སྟེ། ཁོང་གིས་རྒྱལ་རོང་ས་ཁུལ་དུ་ཕ་སྐད་ཀྱི་སློབ་ཚན་མེད་པར་དམིགས་ནས་མི་རིགས་སུ་ཁུལ་དུ་སྐད་གཉིས་སློབ་གསོ་དགོས་པ་དང་དེའི་གལ་ཆེན་རང་བཞིན་ནན་གྱིས་གསུངས། ཁོང་གིས་རང་སོ་སོའི་མི་རིགས་ཀྱི་སྐད་དང་ཡི་གེ་ཤེས་དགོས་པ་ནི་གཞི་རྩ་ཡིན་ལ། དེ་ནས་རྒྱལ་ཁབ་ཀྱི་ཐུན་མོང་གི་སྐད་དེ་སྤྱི་སྐད་ཤེས་རྒྱུ་ཡང་གལ་ཆེན་པོ་རེད། གལ་སྲིད་དེ་གཉིས་མ་ཤེས་ན་སྐད་གཉིས་སློབ་གསོ་ཟེར་བ་དེའང་སྟོང་བ་རེད། སྐད་གཉིས་ཀ་མཉམ་དུ་སྦྱོང་རྒྱུ་ནི་གལ་ཆེན་པོ་རེད་ལ། དེ་གཉིས་ལས་གཅིག་མ་གཏོགས་མ་ཤེས་ན། མ་འོངས་བར་ན་གཞོན་ཚོའི་མདུན་ལམ་ཇེ་དོག་དུ་འགྲོ་ཉེན་ཆེ་ཞེས་གསུངས་འདུག

ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་དུ་བརྗོད་ཟིན་པ་ལྟར་སློབ་གསོའི་ལས་དོན་གོང་འཕེལ་དུ་གཏོང་རྒྱུ་དང་། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་བ། སློབ་གསོ་དར་རྒྱས་ཆེ་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་སྟེ། སློབ་གསོའི་གལ་ཆེའི་རང་བཞིན་ནི་མ་སྨྲས་ཀྱང་ཀུན་གྱིས་རྟོགས་པའི་གནས་སུ་གྱུར་ཡོད།

ད་ལྟའི་བོད་ཁུལ་གྱི་ས་ཆ་སོ་སོའི་སློབ་གསོའི་གནས་ཚུལ་གྱི་སྐོར་ལ་ཁོང་གིས་འདི་ལྟར་གསུངས་འདུག ད་ལྟའི་དགེ་རྒན་གྱི་དཔུང་ཁག་གི་ཤེས་ཡོན་གྱི་ཆུ་ཚད་མཐོ་དམའ་མི་སྙོམས་པ་དང་། དེ་ནི་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་འགྲོ་བའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད་པ་དང་། དགེ་རྒན་ཞིག་གི་སློབ་ཁྲིད་དང་སློབ་གསོའི་ཐབས་ལམ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་ལ། སློབ་མ་ལེགས་པོ་ཞིག་ཡོང་ཐུབ་མིན་དེ་དགེ་རྒན་ལ་རག་ལས་ཡོད་པས། དགེ་རྒན་ཞིག་གི་ཤེས་ཡོན་གྱི་ཆུ་ཚད་དང་བྱང་ཚད་ནི་ཧ་ཅང་གཙོ་ལ། དགེ་རྒན་གྱི་དཔུང་ཁག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེའོ།།

ཁོང་རང་མི་རིགས་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ཆ་ནས་འདི་ལྟར་གསུངས་འདུག་སྟེ། རྨང་གཞིའི་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་བཏང་ན་མཐོ་རིམ་སློབ་གསོའི་སྤུས་ཚད་ཀྱང་ཇེ་བཟང་དུ་གཏོང་ཐུབ་ལ། མཐོ་རིམ་སློབ་གསོའི་སྤུས་ཀ་ཇེ་བཟང་དུ་སོང་ན་རྨང་གཞིའི་སློབ་གསོ་དེ་བཞིན་དུ་ཇེ་ལེགས་སུ་འགྲོ་ངེས།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྱུར་བ། བསོད་ནམས་མཚོ།