སྒོ་མང་དགོན་པའི་བྱམས་སྐུར་ཀྲུང་གོའི་བྱམས་སྐུ་ཆེ་ཤོས་ཀྱི་མཚན་སྙན་ཐོབ།
སྤེལ་བའི་དུས་ཚོད། : 2018-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ༢༠༡༨ ལོའི་སྤྱི་ཟླ་ ༧ པའི་ཚེས་ ༥ ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་ཆོས་སྡེ་ཆེན་པོ་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཕོ་བྲང་ཡིད་དགའ་ཆོས་འཛིན་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གཉིས་ལ་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་བྱམས་སྐུ་དང་ལྷ་ཁང་ཚད་ཐོན་ཞེས་པའི་ཅིས་ནེ་སིའི་དཔང་རྟགས་ཐོབ་ཅིང་། རྒྱལ་ཡོངས་ཆེས་མཐོའི་ཧྲང་ཧེའི་ཅིས་ནེ་སིའི་འགན་ཚབ་པས་དེ་གཉིས་ལ་ཅིས་ནེ་སིའི་དཔང་རྟགས་ཐོབ་པ་ཁྱབ་བསྒྲགས་བྱས།

  མཐོ་ཚད་ལ་སྨི་༣༧དང་། ཞེང་གི་ཆེས་ཆེ་སར་སྨི་༢༠དང་ཚེག་༦༧༢ཡོད་པའི་བྱམས་སྐུ་ཆེན་མོ།

  རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་ཀུན་བཟང་མཚོས་རྔ་བ་རྫོང་གི་ཚབ་བྱས་ནས་དཔང་རྟགས་གནང་བའི་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཞུས་པ་དང་ལྷག་དོན་༧སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་གངས་ཅན་ལྗོངས་དང་ལྷག་པར་དུ་འཛམ་གླིང་གི་སྤྱི་ནོར་ཞིག་རང་རྫོང་ལ་བསོད་ནམས་གསོག་པའི་ཞིང་དུ་རྟེན་བཞེངས་གནངས་པ་ནི་བསོད་ནམས་ཆེན་པོར་མཐོང་བར་མ་ཟད། རྔ་རྫོང་གིས་དཔལ་ཡོན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལ་རྣམ་པ་གསར་བའི་འཕེལ་རྒྱས་སྣོན་བཞིན་པའི་སྐབས་འདིར་དེ་རིང་གི་བྱེད་སྒོ་འདིས་ཡུལ་སྐོར་སྒོ་འབྱེད་ཀྱི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་བླ་ལྷག་གནང་ཡོད་པའི་སྐོར་བཀའ་དྲིན་སྒྲོག་འདོན་བྱས།

  ཚོགས་ཐོག་ཏུ་རྒྱལ་ཡོངས་ཆེས་མཐོའི་ཧྲང་ཧེའི་ཅིས་ནེ་སིའི་འབྲེལ་ཡོད་དབུ་ཁྲིད་དང་༧སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ། སྒོ་མང་དགོན་པའི་ཚོགས་ཆེན་ཁྲི་རིན་པོ་ཆེ་མ་ཎིའི་བླ་མ་རིན་ཆེན་དར་རྒྱས་ཚང་དང་དགོན་དོ་དམ་ཁང་གི་ཨ་ལགས་ཕྱུག་ཚང་། རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་ཀུན་བཟང་མཚོ་དང་བསྟན་ཁོ་སོགས་ས་གནས་འགོ་ཁྲིད་འགའ་མཉམ་ཞུགས་བྱས་ཏེ་གསུང་བཤད་གནང་།

  ཕོ་བྲང་ཡིད་དགའ་ཆོས་འཛིན།

  མདོ་སྨད་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་སྟེ་སྤྱི་ལོ་༡༧༩༠ལོའི་ཟླ་གཉིས་བར། ཀུན་མཁྱེན་སྐུ་འཕྲེང་གཉིས་པ་༧རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་མཆོག་གིས་ཕྱག་འདེབས་མཛད་ཅིང་མཚན་ལ་(སྒོ་མང་སྒར་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་)ཞེས་གསོལ་ཏེ་སྟོད་རྒྱུད་གྲྭ་ཚང་གསར་དུ་བཏབ།

  དེ་ནས་ཁོང་གི་ཐུགས་ཀྱི་སྲས་བོ ༧ གུང་ཐང་བསྟན་པའི་སྒྲོན་མེས་ཁྲི་རབས་དང་བོ་མཛད་དེ་འཆད་ཉན་སོགས་སྐྱོང་ཁུལ་བླ་མེད་གནང་།

  བར་ཚེས་མེ་ལུག་སྟེ་སྤྱི་ལོ༡༩༠༧ལོར་ཀུན་མཁྱེན་བཞི་བ་ཆེན་མོ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་རྨད་བྱུང་ཐོས་བསམ་གླིང་གསར་དུ་བཙུགས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་ཆོས་སྒར་ཞིག་ཏུ་ངང་གིས་ཆགས། སྐབས་དེར་བཤད་སྒྲུབ་འདུས་སྡེ་གླིང་ཞེས་མཚན་གསོལ།

  ད་ལྟ་རྗེ་ཧྭར་བ་རྡོ་རྗེ་འཆང་ཆེན་མོ་སྐུ་འཕྲེང་བཞི་བ ༧ འཇམ་དབྱངས་བློ་གྲོས་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱིའི་རྟེན་བཞེང་དང་ནང་གི་འཆན་ཉན་སོགས་ཕྱོགས་ཡོངས་ནས་ཀུན་མཁྱེན་བླ་མའི་ཐུགས་སྨོན་ལྟར་གྲུབ་དང་འགྲུབ་བཞིན་མཆིས་པ་ལགས་སོ།།

  ཚོགས་ཆེན་འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་སྤྱི་རྒྱ་བཞི་ལས་གྲུབ་པའི་རྒྱལ་བ་ཆོས་འཕགས་ཀྱི་ཚེམས་ཡིན་པ་དང་། རྒྱུད་སྟོད་འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་དཀོན་མཆོག་འཇིགས་མེད་དབང་བོའི་སྐུ་བརྙན་སྐྲ་ལྡན་མ་ཡིན། བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་གྱི་རྟེན་གྱི་གཙོ་བོ་ཤར་རྒྱལ་བ་ཙོང་ཁ་བ་རྗེ་བློ་བཟང་གྲགས་པའི་འཕེལ་གདུང་ཡིན། བྱམས་ཆེན་མཐོང་བ་དོན་ལྡན་ཡིད་དགའ་ཆོས་འཛིན་གྱི་གཞལ་མེད་ཁང་ཆེན་མོའི་རྟེན་གྱི་གཙོ་བོ་འབར་མ་རྒྱལ་ཁབ་ནས་གདན་དྲངས་པའི་སངས་རྒྱས་ཀྱི་རིང་བསྲེལ་སོགས་ཡིན། ཟུར་དུ།མདོ་སྔགས་བཤད་སྒྲུབ་གླིང་དང་བསྐྱར་སྦྱང་འཛིན་གྲྭ། མཐོ་རིམ་ནང་བསྟན་ཞིབ་འཇུག་ལྟེ་གནས་དང་རྨང་གཞིའི་སློབ་ཆུང་སོགས་མང་དུ་བདའོ།།

  ཡོང་ཁུངས། ལྡོང་སྦྱིན་པའི་པད་དཀར་འཕྲིན་སྟེགས། དགེ་ལུགས་པའི་དྲ་བ།

  རྩོམ་སྒྲིག་པ། པད་མ།