ལ་མོ་བདེ་ཆེན་དགོན་པ།
སྤེལ་བའི་དུས་ཚོད། : 2018-03-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅན་ཚ། ཀུན་བཟང་རྒྱ་མཚོ།

རྩོམ་ཡིག་འདིའི་འདྲ་པར་ཚང་མ་ཉི་མ་ཐར་གྱིས་འདོན་སྤྲོད་བྱས།

 

ལ་མོ་བདེ་ཆེན་དགོན་པ་ནི། གཅན་ཚ་ཉིན་སྲིབ་གཉིས་ལས་སྲིབ་ཀྱི་ཕྱོགས་སུ་ད་ལྟའི་མཚོ་སྔོན་གཅན་ཚ་རྫོང་མཁར་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ20ཡི་མཚམས་སུ་ཡོད་པའི་ནང་ཁོག་ཞང་གི་ཁོངས་གཏོགས་ཏེ། ལྷ་ཁང་གཞུང་ཞེས་འབོད་པའི་སར་ཆགས་ཡོད།མཐོ་ཚད་ལ་མཚོ་ངོས་ལས་སྨི2800ཡོད་པར་གླེང་།དགོན་པ་དེ་ཆགས་སའི་གནས་དབྱིབས་ནི་མེ་ཏོག་པདྨ་འདབ་བརྒྱད་ཅིག་གི་དབུས་སུ་ཆགས་ཤིང་།རྒྱབ་རི་ཙོང་ཁའི་སྐྱེས་རི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གདན་ཁྲི་ལ་བཞུགས་པ་ལྟར་རྒྱང་རིང་དུ་ལྷུན་ཅིང་བརྗིད་ཆགས་པར་ཡོད།དགོན་པའི་ཤར་དུ་གླང་ཆེན་ཞིག་ཁ་ལྷོ་ཕྱོགས་སུ་བལྟས་ནས་ཡོད་པ་འདྲ་བའིི་རི་ཆུང་ཞིག་དང་།ཕྱིའི་ལྕགས་རིའི་གོང་རོལ་ཏུ་ས་དབྱིབས་དུང་དཀར་གཡས་འཁྱིལ་འདྲ་བ་ཞིག་དང་།ཡང་རྒྱང་ཐག་ཅུང་རིང་བའི་ཤར་གྱི་ཕྱོགས་ཏེ་རྡོ་འབུམ་ཉག་ཀ་ཞེས་འབོད་པའི་གནས་དེར་ས་དབྱིབས་གདུགས་འདྲ་བ་ཞིག་ཡོད།བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྟེ་སྤྱི་ལོ1682ལོར་ཚ་ཀན་ནོ་མོན་ཧན་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་མང་འབའ་བྱ་གསུམ་དང་སྦྲ་ནག་ཁ་གསུམ། འབུམ་རྒྱལ་བུ་རྒྱུད། བཱ་ཡན་ཚུན་དུ་བཙུན་ཁྲལ་བསྡུས་ཏེ་ཕྱག་འདེབས་མཛད།

དགོན་སྡེ་དེའི་མཚན་གྱི་མགོར་ལ་མོ་ཞེས་འབྱུང་བ་ནི་སྡེ་དེ་འདེབས་པ་པོའི་མཚན་གྱི་ཟུར་ཐོགས་པ་ཡིན་ལ།དེ་ཡང་རྗེ་དེའི་སྐུ་ཕྲེང་དང་པོ་ལ་མོ་ཚོགས་གཉིས་རྒྱ་མཚོ་མཆོག་དབུས་གཙང་ཕྱོགས་ཀྱི་ལ་མོ་ཚེར་གསེབ་ཏུ་སྐུ་འཁྲུངས་པའི་ཆ་ནས་ཁོང་གི་སྐུ་ཕྲེང་རིམ་བྱོན་ལ་ཡུལ་གྱི་མཚན་ནས་འབོད་པའི་སྲོལ་ཆགས། ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་མཚོ་སྔོན་དཔོན་ཁག་སྤྱིའི་མོས་པ་བཞིན་རྒྱལ་དབང་བདུན་པ་རྗེ་བཙུན་བསྐལ་བཟང་རྒྱ་མཚོའི་རབ་བྱུང་གི་མཁན་པོ་མཛད་པ་དང་དབང་ལུང་དུ་མ་གནང་བས། ཨ་ཆི་ཐུ་ཨི་ཚིག་གེན་ཚ་ཀན་ནོ་མོན་ཧན་ཞེས་ལུང་ལས་ཀྱིས་གཟེངས་བསྟོད་ཕུལ། དེ་ལ་བརྟེན་ནས་པོ་ཏ་ལ་རུ་བཞུགས་པའི་ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་བརྙན་གཙོས་སྡེ་བ་སྐྱིད་ཤོད་པའི་རྟེན་གཙོ་རྗེ་ང་འདྲ་མ་དང་།རྩེའི་སྒྲོལ་མ་གསུང་འབྱོན་མ།བྱམས་པ་ཆོས་འཁོར་མ།ཙན་དན་དམར་པོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་མི་ཚད་སོགས་རྟེན་སྣ་ཚོགས་འགངས་ཆེ་བ་ཁལ་རྒྱབ་སུམ་བརྒྱ་ལྷག་གདན་དྲངས་པ་ལ་མོའི་རྟེན་མཛོད་ཆེན་མོ་ཞེས་ཕྱོགས་ཀུན་ཏུ་སྙན་པའི་གྲགས་པ་རྒྱས།དཔོན་སློབ་གྲགས་རྒན་པ༧རྗེ་བློ་བཟང་བཀྲ་ཤིས་མཆོག་ཐོག་མའི་འཆད་ཉན་གྱི་མཁན་པོར་མངའ་གསོལ་བ་ནས་ཞྭ་དམར་ངག་དབང་འཕྲིན་ལས། ཁྲི་ཆེན་བསྟན་པའི་ཉི་མ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། རྙེ་ཐམས་ཅད་མཁྱེན་པ་སོགས་མཁས་ཆེན་དུ་མ་དཔོན་སློབ་ཀྱི་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྐྱངས་པས།བཀའ་པོད་ལྔའི་འཆད་ཉན་རྫོགས་ལྡན་དཔལ་ལ་འགྲན་པ་བྱུང་།དགོན་སྡེ་དེ་ཐོག་མར་ཕྱག་འདེབས་མཛད་སྐབས་སུ་གཞུང་ལུགས་ལ་འཆད་ཉན་བྱེད་སའི་ཡིག་ཆ་ནི།ད་ལྟའི་འདི་ལྟར་ཀུན་མཁྱེན་ཡིག་ཆ་མ་ཡིན་པར་དབུ་མ་དང་མཛོད་གཉིས་རྒྱལ་དབང་ལྔ་བ་ཆེན་མོའི་ཡིག་ཆ་དང་།ཕར་ཕྱིན་སྒོ་མང་ཡིག་ཆ་རྙིང་པ་སྟེ་གུང་རུ་ཆོས་འབྱུང་གི་ཡིག་ཆ་ཡིན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསུངས།དེ་ཉིད་ཀྱིས་མཛད་པའི་བཻ་སེར་ལས། འདི་སྐབས་ཚ་ཀན་ནོ་མོན་ཧན་ནས་རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ཆེན་པོར་ལུང་བསྟན་ཞུས་ཏེ།རབ་བྱུང་འདིའི་ལྕགས་སྤྲེལ་ལོར་ལྷ་ཁང་གཞུང་དུ་དགོན་གསར་བདེ་ཆེན་ཆོས་གླིང་ཞེས་པ་བཏབ།དགོན་མ་བུ་ཟུང་འབྲེལ་གྱི་བླ་མར་བློ་བཟང་བཀྲ་ཤིས་བསྐོས།དགོན་གསར་པར་ཕར་ཕྱིན་སྒོ་མང་ལྟར་དང་།དབུ་མ་རྒྱ་མཚོར་བགྲོད་པའི་གྲུ་རྫིངས།ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་བཅས་པའི་འཆད་ཉན་བྱེད་ཅེས་གསུངས།

དཔོན་སློབ་རིན་པོ་ཆེས་བཞེངས་པའི་ཚོགས་ཆེན་འདུ་ཁང་དུ་ཆོས་ཤུལ་ལྷ་བཟོས་བཞེངས་པའི་སྨན་འདམ་ལས་གྲུབ་པའི་འཇམ་དབྱངས་ཀུན་གཟིགས་མཐོ་ཚད་ལ་སུམ་ཐོག་གི་ཚད་དང་ལྡན་པ།གསེར་གདུང་ཁང་དུ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་སྐུ་གདུང་དང་སྒོ་མང་རིན་པོ་ཆེའི་སྐུ་གདུང་སོགས་གདུང་རྟེན་སྣ་ཚོགས་བཞུགས།མར་ཁ་ངག་དབང་བསྟན་འཛིན་གྱིས་བཞེངས་པའི་ཇོ་ཁང་དུ་གུང་ཐང་འཇམ་པའི་དབྱངས་ནས་སྤྲུལ་པའི་བཟོ་བོར་བསྔགས་པ་དེ་ཉིད་ཀྱི་ཕྱག་བཟོ་ཇོ་སྐུ་བཞུགས།གཞན་ཡང་བྱམས་ཁང་དང་བཙན་ཁང་སོགས་སུ་བྱམས་སྐུ་དང་ཆོས་སྐྱོང་ཆེན་མོའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས།གྲྭ་ཚང་ལ་རྨད་བྱུང་ཐོས་བསམ་གླིང་དང་།སྨད་རྒྱུད་གཉིས་ཡོད།ལ་མོ་སྒར་གཞུང་གཙོས་བླ་བྲང་ཁག་གི་ནང་དུ་ཡང་སྐུ་གསུང་ཐུགས་རྟེན་མང་དུ་ཡོད་པ་ལས།སྒར་གཞུང་དུ་ལ་མོ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་དང་།ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་ར་དང་།ར་ལོ་ཙཱ་བའི་ཕྱག་ཕྲེང་།ལྷོ་བྲག་གྲུབ་ཆེན་གྱི་ཚེམས།ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་དྲིལ་དང་དབུ་རྒྱན།རྗེ་དགེ་འདུན་གྲུབ་ཀྱི་སྐུ་ཆས།ཞ་ལུ་པ་ལེགས་པ་རྒྱལ་མཚན་གྱི་ཕྱག་ཏིང་།རྗེའི་སྣང་བརྙན་གྲུབ་ཆུ་མ་སོགས་བཞུགས།གསེར་ཁྲི་བླ་བྲང་དུ་འཇམ་དབྱངས་སྟོང་སྐུ་ཁྲི་གང་གི་ཚད་དང་ལྡན་པ།གྲགས་རྒན་བླ་བྲང་དུ་སྨན་བླའི་སྟོང་སྐུ།ཞྭ་དམར་བླ་བྲང་དུ་རྣམ་རྒྱལ་སྟོང་སྐུ།གཞན་ཡང་གཡོན་རུ་བླ་བྲང་།རྒྱབ་བླ་བྲང་།རྐང་ཚ་བླ་བྲང་།གསང་སྒྲོག་བླ་བྲང་།སློབ་ཆུང་བླ་བྲང་།ཐར་ཤུལ་བླ་བྲང་།ཀ་རིང་བླ་བྲང་།ཀླུ་ཀྱཱ་བླ་བྲང་།མར་ཁ་བླ་བྲང་།ཏོག་བླ་བྲང་།མོག་བླ་བྲང་།ལྷ་སྡེ་བླ་བྲང་།

རྐ་ཕུག་བླ་བྲང་།ཡང་ཆུང་བླ་བྲང་།རོང་གཞིས་བླ་བྲང་།སྒོ་མང་བླ་བྲང་།ལྷ་རིས་བླ་བྲང་།རྙེ་བླ་བྲང་།ཀརྨ་བླ་བྲང་།ལྷ་རམས་པའི་བླ་བྲང་།གསེར་ཁྲི་ཛ་སག་བླ་བྲང་བཅས་ཡོད།སྡེ་འདིའི་མཁས་དབང་རིམ་བྱོན་གྱིས་གསུང་རྩོམ་ནི།ལ་མོ་གྲགས་རྒན་པ༧རྗེ་བློ་བཟང་བཀྲ་ཤིས་ཀྱི་གསུང་རྩོམ་ལ།དབུ་མ་དང་འདུལ་བ་གཞི་སྟོད་གཞི་སྨད།ཆོས་འབྱུང་དང་འཇིགས་བྱེད་བསྐྱེད་རིམ་སོགས་ཡོད།ཁྲི་ཆེན་བསྟན་པའི་ཉི་མའི་གསུང་འབུམ་ལ།ཕར་ཕྱིན་སྐབས་བརྒྱད་ཀ་དང་།འདུལ་བའི་ལས་ཚོགས་སོགས་པོད་བཞི་ཡོད།གཞན་ཡང་ལྷ་རི་བློ་བཟང་འབྱུང་གནས་དང་ཐར་ཤུལ་ཆོས་སྐྱོང་རྒྱ་མཆོ། ཞྭ་དམར་པཎྡི་ཏ། མར་ཁའི་སྐུ་ཞབས། རྙེ་ཐམས་ཅད་མཁྱེན་པ། ཆོས་རྗེ་བློ་བཟང་བསྟན་པ། གཡོན་རུ་བློ་བཟང་སྙན་གྲགས་རྒྱ་མཚོ་སོགས་ཀྱི་གསུང་རྩོམ་མང་པོ་ཡོད་པ་རེ་རེ་བཞིན་ཤེས་འདོད་ན་ལ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར་ལ་གསལ།རྔ་མགུར་ཁག་གསུམ་གྱི་གཙོས་དགོན་མ་ལག་ལྔ་བཅུ་ང་ལྔ་ཡོད།

མགུར་དགོན་པ་ནི། གཅན་ཚ་སྲིབ་ལྟའི་ཕྱོགས་སུ་ཡོད་ལ།གཅན་ཚ་རྫོང་མཁར་ནས་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་སར་ཆགས་ཡོད།གནས་ཀྱི་ཁྱད་པར་ནི།རྒྱབ་རི་ནོར་བུའི་ཕུང་པོ་ཁུར་པའི་གླང་པོ་ཆེ་ཁ་ལྷོ་ཕྱོགས་སུ་བལྟས་ཡོད་པའི་རྣམ་པ་ཅན་ཞིག་གི་གདོང་དུ་ཆགས་ཡོད།དེའི་གཡས་གཡོན་དུ་དཔལ་ལྡན་ལྷ་མོའི་གནས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བའི་བྲག་རི་དམར་པོ་དང་།བྱང་ལམ་གྱ་གྱུ་སོགས་ཡོད་པ།མདུན་དུ་རྨ་ཀླུང་སྔོན་མོ་ལྷོ་ཕྱོགས་སུ་འབབ་པ།ལྷོ་ཕྱོགས་སུ་རྨ་ཀླུང་རྡོ་རྗེའི་བྲག་ར་རྔམ་ཞིང་བརྗིད་པའི་ཚུལ་དུ་འཁོད་ཡོད།དེ་ལྟ་བུའི་དགོན་སྡེ་དེ་ལ་མོ་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ས་སྟག་སྟེ་སྤྱི་ལོ1638ལོར་བཏབ་ཅེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསུངས།མེ་ཕོ་ཁྱི་སྟེ་སྤྱི་ལོ1645ལོར་ཆོས་རྗེ་འོད་ཟེར་བཀྲ་ཤིས་དང་ཐུགས་མཐུན་སྒོས་བཤད་གྲྭ་བཙུགས་སྐབས་དེར་གྲྭ་བ་སུམ་བརྒྱ་ཙམ་གྱིས་གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་གྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་དར་རྒྱས་སུ་མཛད།གདན་སར་ཆོས་རྗེ་འོད་ཟེར་བཀྲ་ཤིས་པའི་རྗེས་སུ།དཱ་ལེ་ཆོས་རྗེ། ཀ་རིང་དཔལ་ལྡན་ཆོས་གྲགས་སོགས་ཀྱིས་བསྐྱངས། སྐུ་ཕྲེང་གསུམ་པས་བཤད་གྲྭ་ལྷ་ཁང་གཞུང་དུ་སྤར།དེར་བདེ་གསང་འཇིགས་གསུམ་སོགས་བཙུགས་ཏེ་སྔགས་གྲྭར་བསྒྱུར་ཅེས་མདོ་སྨད་ཆོས་འབྱུང་ལས་གསུངས་སོ། ། བཻ་སེར་ལས།གསང་འདུས།སྨན་བླ།ནག་པོ་སྐོར་གསུམ་སོགས་གཏོང་།ཞེས་གསུངས།ལ་མོ་དགེ་ལེགས་རྒྱ་མཚོས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་ལྟར་དུས་འཁོར་བཙུགས།རྗེ་དགེ་འདུན་བསྟན་འཛིན་ནོར་བུའི་སྐུ་རིང་ལ་རབ་གནས་ཆེན་མོའི་ཆོས་ཐོག་བཙུགས་ཤིང་གཉིས་ཀའི་ཕྱག་ལེན་མ་ནོར་བར་དུས་ད་ལྟའང་གནས་ཡོད།ལྕགས་ཕག་སྟེ་སྤྱི་ལོ1911ལོར་ཆུ་བཟང་ནས་གར་འཆམ་སློབ་མཁན་གྱི་དགེ་རྒན་གདན་དྲངས་ཏེ་གར་གླུ་འབུད་དཀྲོལ་བཅས་བསླབས།སློབ་མཁན་གྲྭ་པ་ཟུར་དུ་བཀར་ནས་འཆམ་པ་གྲྭ་ཚང་བཙུགས།དུས་རྒྱུན་ལོ་སར་སྐབས་གོང་ས་མཆོག་ལ་ཚེ་སྒྲུབ་འཆམ་པ་གྲྭ་ཚང་ནས་འབུལ་དགོས།ད་ལྟ་གར་གླུ་དང་གར་བྲོ་གར་འཆམ་མདོ་དར་སོགས་ཀྱི་མཆོད་སྤྲིན་དེ་དག་ཤེས་མཁན་ཕར་ཟད་སྔོན་ཆད་སྡེ་འདིར་དེ་འདྲ་ཞིག་ཡོད་པའི་ལོ་རྒྱུས་ཤེས་མཁན་ཡང་དཀའ་བའི་ཚོད་རེད།འདིར་མགུར་ཞེས་མིང་ཐོགས་ཚུལ་ནི།སྔར་གུར་སྒར་དུ་ཡོད་པ་ལ་ཕྱིས་སུ་མིང་ཟུར་ཆགས་ནས་མགུར་དགོན་དུ་འབོད་པ་བྱུང་།ལ་མོ་དགེ་ལེགས་རྒྱལ་མཚན་མཆོག་གིས་བཞེངས་པའི་ཇོ་ཁང་དུ་ལྷ་སའི་ཇོ་བོ་དང་སྐུ་ཚད་མཉམ་པའི་ཤཱཀྱ་མུ་ནེའི་གསེར་སྐུ་གཟི་འོད་འབར་བ་བཞུགས།དེ་ལ་རྣམ་པར་རྒྱལ་བའི་ཁང་བཟང་ཐོག་ཚད་བཞི་པ།གསེར་ཟངས་ཀྱི་རྒྱ་ཕིབས་དང་།མདའ་ཡབ་འོག་མ་གསུམ་ནི་སོ་ཕག་གཡུ་རྩིས་བྱུགས་པས་བརྒྱན་པ།གཞན་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་དབུ་ཐོད་དང་།དགོས་དབང་གིས་ཆོག་ཐུ་རྒྱལ་པོའི་གཟུགས་བརྙན་དངུལ་ལས་བཟོས་པ་དཀོར་བདག་ཏུ་བཀུར།པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བའི་ལྷ་མོའི་བྲིས་ཐང་བྱིན་རླབས་ཅན་སོགས་བཞུགས།སྒར་གཞུང་གི་ཀུན་དགའ་མཐོང་སྨོན་དུ་གྲགས་པའི་ལྷ་ཁང་དུ་རྟེན་གསར་རྙིང་བཅས་རྒྱ་གར་ལི་མ་གྲངས་སུམ་བརྒྱ་ལྷག་ཙམ་བཞུགས།ཚོམས་ཆེན་དུ་རྒྱལ་བ་བྱམས་པ་མགོན་པོ་དང་གཟིམས་སྤྱིལ་བཤད་སྒྲུབ་པདྨོ་བཞད་པའི་དགའ་ཚལ་དུ་གསེར་ཟངས་ལས་གྲུབ་པའི་ཇོ་སྐུ་མཐོ་ཚད་ལ་མི་ཚད་ཙམ་ཞིག་བཞུགས།རབ་བྱུང་བཅོ་ལྔ་པའི་ཆུ་སྟག་སྟེ་སྤྱི་ལོ1902ལོར་དགོན་པ་འདི་ཆུའི་ཁར་ཤིན་ཏུ་ཉེ་བས་ཆུ་དགྲ་ཅུང་ཆེ་བ་ལ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར་ཆུ་ཟློག་འཁོར་ལོ་ཞུས་པ་བཞིན་ཉིད་ནས་འཁོར་ལོ་བཞག་ཀྱང་ལོ་ཤས་ལ་ཕར་ཅུང་ཟད་ལོག་ཙམ་ལས་ཕན་སྐྱེད་ཆེར་མ་བྱུང་བར། གཟིམས་ཁང་གི་ར་སྐོར་འོག་མ་ཕལ་ཆེར་ཟགས་ནས་སོང་བའི་ཚོད་ཡིན་པས།ཞྭ་དམར་རིན་པོ་ཆེར་བརྟག་ཞུས་བགྱིས་པར་ཁྱུང་ཁྲ་དུང་ཕྱུར་གཅིག་བཏོན་ནས་དགོན་གནས་སྤོས་ན་ལེགས་ཚུལ་དང་དེ་མཐུན་སྒོ་མང་རིན་པོ་ཆེར་ཡང་ཞུས་པ་ལ་ཡང་གནས་སྤོས་ན་ལེགས་ཚུལ་བབས་པར།ད་ལྟའི་གནས་འདི་ལ་སྤར།འདུ་ཁང་དང་ཇོ་ཁང་གཉིས་མ་གཏོགས་ནང་རྟེན་ཕལ་ཆེར་ད་ལྟ་དྲན་པའི་ཡུལ་དུ་གྱུར་འདུག །

ཡོང་ཁུངས། མཚོ་སྔོན་བོ་ཡིག་གསར་འགྱུར།
རྩོམ་སྒྲིག་པ། བསོད་ཚེ།