ཆོས་ལུགས་ལས་རིགས་མི་སྣས་དུས་རབས་གསར་པར་ནུས་པ་དེ་བས་ཆེ་བ་འདོན་དགོས་ཚུལ་བསྟན་པ།
སྤེལ་བའི་དུས་ཚོད། : 2018-03-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་གྲངས་ཉུང་མི་རིགས་འཐུས་མིས་སྲིད་གཞུང་ལས་དོན་སྙན་ཞུར་གྲོས་ཞིབ་བྱེད་སྐབས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྙན་ཞུར་ཡོངས་སུ་མོས་མཐུན་ཡོད། ལྷག་པར་དུ་སྙན་ཞུའི་ནང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། རང་རྒྱལ་གྱི་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས། ཆོས་ལུགས་ལས་དོན་སྐྱོན་བྲལ་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་ཅེས་བསྟན་པ་རེད། འཐུས་མི་རྣམས་ཀྱིས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་གསུངས་འདུག

རྒྱལ་ཡོངས་མི་དམངས་འཐུས་ཚོགསཀྱི་འཐུས་མི། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་བསྟན་བློ་བཟང་བྱམས་པས་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་པ་བྱ་རྒྱུའི་སྐོར་གསུང་སྐབས། ཙུང་ལི་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་པ་བྱེད་དགོས་པའི་སྐོར་གླེང་གནང་ཡོད། ང་ཚོས་སྤྱི་ལོ༢༠༡༤ལོ་ནས་བཟུང་དགའ་ཞེན་ལྔ་དང་། བརྩི་སྲུང་གཉིས། འགན་འཁྲི་གསུམ་བཅས་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་ཡིན། དགའ་ཞེན་ལྔ་ཞེས་པ་ནི་གུང་ཁྲན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་དགའ་ཞེན། སངས་རྒྱས་ཆོས་ལུགས་ལ་དགའ་ཞེན་བཅས་ཡིན་པ་དང་། བརྩི་སྲུང་གཉིས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་དང་། སངས་རྒྱས་ཆོས་ལུགས་ཀྱི་སྡོམ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་གཉིས་ཡིན་པ། འགན་འཁྲི་གསུམ་ནི་རྒྱལ་ཁབ་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། སངས་རྒྱས་ཆོས་ལུགས་ལ་འགན་འཁུར་བ་བཅས་ཡིན། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྐོར་གླེང་གནང་ཡོད། ང་ཚོ་བོད་བརྒྱུད་ནང་བསྟན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོ་ཅན་གྱི་ལམ་དུ་བསྐྱོད་པ་དང་། ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྐྱོད་དགོས་ཀྱི་ཡོད་ཅེས་གསུངས་འདུག

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོའི་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞི་པ་ཨ་པུའུ་ཏུའུ་རེ་ཁེ་ཕུའུ་ཐུའུ་མུའུ་ཉི་ཡ་ཙེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ན་ནིང་ཤིན་ཅང་འཐུས་མི་ཚོགས་པས་སྲིད་གཞུང་ལས་དོན་སྙན་ཞུར་གྲོས་ཞིབ་གནང་བའི་ནང་ཞུགས་དུས་ཀྱི་རྣམ་པར་ཕྱིར་དྲན་གནང་སྟེ། ཁོང་གིས་ཉིན་དེ་ནི་ང་རང་གི་མི་ཚེའི་ནང་ཆེས་གཟི་བརྗིད་ཆེ་ཤོས་དང་ཆེས་བདེ་སྐྱིད་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཡིན། རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་དང་ཆོས་དད་མང་ཚོགས་བར་གྱི་སྦྲེལ་ཟམ་ཡག་པོ་ཞིག་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ང་རང་ནས་ཁ་ཧྲེ་ས་ཁུལ་གྱི་ཨའེ་ཐི་ཀར་དབྱི་སི་ལན་ཆོས་ཁང་གི་ཆོས་དཔོན་ཟུར་པ་ཅུས་མ་ཐ་དབྱིར་གྱི་ཁྱིམ་མིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ལ་ཐུགས་རྗེ་ཞུ་ཚུལ་སྤྱི་ཁྱབ་ཧྲུའུ་ཅིར་ཞུས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་བདག་ལ་ཁྱོད་རང་སྔོན་ལ་སྒུག་ཨ། ང་རང་གི་འཚམས་འདྲི་ཟབ་མོ་ཡང་ཆོས་དཔོན་ཅུས་མ་ཐ་དབྱིར་གྱི་སྐུ་ཟླ་དང་ཁོང་གི་ནང་མི་ཚོར་ཞུ་རོགས་གནང་ཞེས་གསུངས་བྱུང་། ངས་ཡར་ལངས་པ་དང་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་ཡང་ཤོར་བྱུང་། ངས་ལས་འགན་ལེགས་བསྒྲུབ་ཞུ་རྒྱུ་ཡིན་ཞེས་ཞུས་པ་ཡིན། ཏང་ཀྲུང་དབྱང་གིས་ང་ཚོ་ཤིན་ཅང་ལ་དོ་ཁུར་བྱེད་ཤུགས་ནི་ཧ་ཅང་ཆེན་པོ་ཡིན། ཏང་མེད་ན་ང་ཚོ་ཤིན་ཅང་གི་ད་ཆའི་འཚོ་བ་དེ་མེད་ལ། ཏང་མེད་ན་ང་ཚོ་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣའི་བདེ་སྐྱིད་འཚོ་བ་ཡང་མེད། ངས་ད་ཐེངས་གྲོས་གཞི་གང་ཡང་འཁྱེར་མེད། འོན་ཀྱང་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་སེམས་སྒྲ་འཁྱེར་ཡོད། མ་གཞི་ང་ཚོ་ཤིན་ཅང་རྒྱལ་ས་པེ་ཅིན་དང་ས་ཐག་རིང་པོ་ཡོད། འོན་ཀྱང་ང་ཚོ་ཤིན་ཅང་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་ཏང་ཀྲུང་དབྱང་ལ་ཉེ་བཅར་དང་ཏང་ཀྲུང་དབྱང་དང་དམ་པོར་འབྲེལ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།